དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།>བརྙན་ཐུང་།
  • ད་ལོའི་ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་ལྷ་སར་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན་ཆོས་གྲགས།   |     སྤེལ་དུས།  2024-11-20

    ཉེ་ཆར། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་2024ལོའི་དུས་ཚིགས་གསུམ་པའི“ཀྲུང་གོའི་མི་བཟང་གི་མིང་ཐོ”ཁྱབ་བསྒྲགས་བྱས་པའི་ནང་བསྟན་འཛིན་ཟེར་བའི་བོད་ཀྱི་མི་གཅིག་ཚུད་ཡོད་པའི་ཆ་འཕྲིན་མི་མང་པོས་གྲོགས་ཚོམས་སུ་སྐུར་བཞིན་མཆིས།

    དེ་ཡང་བསྟན་འཛིན་མིང་ཐོ་འདིའི་ནང་བཅུག་དོན་སྐོར་ལ། ཏང་ཡོན་རྒན་གྲས་ཞིག་གིས་མི་ལོ་དགུ་ཡི་རིང་ཉིན་གཅིག་ལྟར་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོང་བྱས་པས་སོ། ། ཞེས་བྲིས་འདུག ཁྲུང་ཁྲུང་ལ་བརྩེ་སེམས་འདི་ལྟ་བུ་བཅངས་དོན་གང་ཡིན། དུས་ཡུན་རིང་པོ་འདི་འདྲའི་རིང་སྡུག་རུས་ཐུབ་དོན་གང་ཡིན། ……

    དྲི་བ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ངང་གསར་འགོད་པའི་བློ་ངོར་འཆར་བྱུང་། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པ་ལྟར། གསར་འགོད་པས་འཕྲལ་དུ་བསྟན་འཛིན་ལ་བཅར་འདྲི་བྱེད་པའི་ལམ་དུ་ཆས་པ་ཡིན།

    སྔ་དྲོའི་ཆུ་ཚོད་10དང་སྐར་མ་40ཙམ་ལ། ལྷུན་གྲུབ་རྫོང་གི་ཞིང་རའི་ཉེ་འགྲམ་ཞིག་ནས་ཁྲུང་ཁྲུང་ལ་ལྟོ་སྟེར་བར་འགྲོ་རྩིས་བྱེད་བཞིན་པའི་བསྟན་འཛིན་འཕྲད་བྱུང་།

    ད་ལོ་ལོ་62ལ་སླེབས་པའི་བསྟན་འཛིན་གྱིས་དེ་ཉིན་རྒྱ་གར་ཞྭ་མོ་རྫ་མདོག་ཞིག་གྱོན་པ་དང་རྫེམས་སྟོད་སྔོ་ནག་ཅིག་གྱོན་འདུག མ་གཞི་གཟུགས་པོ་དེ་ཙམ་གྱི་རིང་པོ་མེད་ཁར་དཔྲལ་བ་དང་མིག་ཟུར་གཉེར་མས་བཀབ་རུང་། ཕར་ལ་བལྟས་པ་ཙམ་གྱིས་སྒབ་ཟོར་ཡང་ཞིང་སྡུག་རུས་འཁྱོག་པ་ཞིག་འདུག

    བསྟན་འཛིན་གྱིས“ད་ལྟ་སྟོན་ཐོག་བརྔས་ཟིན་པས་ཁྲུང་ཁྲུང་མང་པོ་ཞིང་ནང་དུ་ཟས་འཚོལ་བར་སླེབས་འདུག ངས་གྲོ་འགྱིག་ཤོག་གང་ཁྱེར་ནས་ཁྲུང་ཁྲུང་ལ་སྟེར་རྩིས་ཡོད”ཅེས་གྲོ་རྡག་རྡག་གང་བླུགས་པའི་འགྱིག་ཤོག་དཀར་པོ་དེ་གསར་འགོད་པར་སྟོན་ཙམ་བྱས་བྱུང་བས།  གསར་འགོད་པས་བསྟན་འཛིན་དང་མཉམ་དུ་ཁྲུང་ཁྲུང་ལ་གྲོ་སྟེར་བར་ཕྱིན་ནས་ཅི་འཕྲོས་མོལ་འཕྲོས་ཤོད་ཀྱིན་དུ་སེམས་ནང་གི་དོགས་གཞི་མང་པོའི་ལན་འཚོལ་ཐབས་བྱས་པ་ཡིན།

    2015ལོར་བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་གི་སྐོར་སྲུང་བ་བྱེད་འགོ་ཚུགས། ལས་ཀ་དེར་དགའ་ཞེན་ཆེ་བས་ལོ་9ལྷག་ཙམ་གྱི་རིང་ཁོང་གིས་ངལ་བ་དང་འཁང་ར་རྒྱབ་ཏུ་བསྐྱུར་ཏེ། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ད་བར་ལས་གནས་བརྟན་སྲུང་བྱས།“ཁྲུང་ཁྲུང་སྐེ་ནག་གི་སྐོར་སྲུང་བ་བྱ་རྒྱུ་བྱུང་བ་ནི་ཚང་མས་ང་ལ་ཡིད་ཆེས་ཡོད་པས་རེད། བྱས་ཙང་།  ངས་ལས་ཀ་དེ་གཟི་བརྗིད་ཅིག་ལ་བརྩི་གི་ཡོད”ཅེས་ཁོང་གིས་དགའ་བའི་མཛུམ་དང་སྤྲོ་བའི་ཉམས་ཀྱིས་བརྗོད།

    ལོ་རེའི་ཟླ་10པ་ནས་ཕྱི་ལོའི་ཟླ་3པའི་བར། ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་ལྷུན་གྲུབ་རྫོང་ཁོངས་ཀྱི་ཆུ་འགྲམ་དུ་དགུན་ཁ་སྐྱེལ་བར་ཡོང་གི་ཡོད། སྐབས་དེ་ནི་བསྟན་འཛིན་གྱི་ངོས་ནས་བཤད་ན་བྲེལ་བ་ཆེ་ཤོས་ཀྱི་དུས་ཤིག་རེད། བསྟན་འཛིན་གྱིས“ལོ་ལྟར་དུས་མཚམས་འདིར་སླེབས་སྐབས་ངས་སྔོན་ནས་གྲ་སྒྲིག་ཡག་པོ་བྱས་ཏེ་ཉིན་ལྟར་ཁྲུང་ཁྲུང་སྐེ་ནག་ཁྱིམ་དུ་ལོག་པའི་རེ་སྒུག་བྱེད་ཀྱི་ཡོད་ལ་ཁོང་ཚོ་དགུན་སྐྱེལ་དུ་ཡོང་བ་མཐོང་འཕྲལ་དེ་མ་ཉིད་དུ་གཏམ་བཟང་དེ་ཚང་མར་ཤོད་ཀྱི་ཡོད། ཕྱི་ལོའི་ཟླ་3པར། ཁྲུང་ཁྲུང་སྐེ་ནག་བྱང་དུ་འཕུར་འགྲོ་སྐབས་ང་ཚོར་ནང་མི་ཕྱོགས་ལ་ཐོན་པ་ལྟ་བུའི་ཚོར་སྣང་ཡོང་གི་འདུག་ལ། སླར་ཡང་ལོག་ཡོང་བའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད”ཅེས་ཀྱང་བཤད་བྱུང་།

    བསྟན་འཛིན་གྱིས་ཉིན་ལྟར་ཁོང་གི་གློག་སྒུལ་སྦག་སྦག་བཞོན་ནས་མཁར་གདོང་གྲོང་ཚོ་ནས་སྟག་མགོ་ཆུ་མཛོད་བར་གྱི་ས་ཁོངས་སུ་སྐོར་གཡེང་བྱས་ཏེ། ཁྲུང་ཁྲུང་སྐེ་ནག་ལྕགས་དྲར་འཁོན་ཡོད་མེད་དང་གློག་སྐུད་ལ་རྡུང་ག་ཐེབས་ཡོད་མེད། ཁྱིས་རྨུགས་པའམ་ཡང་ན་ནད་ཕོག་ནས་ལུས་ཡོད་མེད་སོགས་ཀྱི་གནས་ཚུལ་ཐོན་མིན་ལ་སྐོར་གཡེང་དུ་འགྲོ་བ་མ་ཟད། ད་དུང་ཁྲུང་ཁྲུང་སྐེ་ནག་ཚུད་པའི་རི་དྭགས་སྣ་ཚོགས་ལའང་ལྟ་སྐྱོང་ཞིབ་ཚགས་བྱེད་ཀྱི་ཡོད། སྟག་མགོ་ཆུ་མཛོད་ཀྱི་མཐའ་འཁོར་དུ་ཡོད་པའི་མང་ཚོགས་ལ་རང་ཉིད་ཀྱི་ཁ་པར་ཨང་གྲངས་སྤྲད་ནས། གལ་སྲིད་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་མཐོང་ཚེ་དུས་ཐོག་ཏུ་འབྲེལ་བ་བྱེད་རྒྱུའི་རེ་བ་འདོན་གྱི་ཡོད།

    “ངས་བསྐྱབས་པའི་ཁྲུང་ཁྲུང་སྐེ་ནག་དེ་དག་སླར་ཡང་མཁའ་དབྱིངས་སུ་འཕུར་ནས་རང་བྱུང་ཁམས་ཀྱི་པང་དུ་ལོག་པ་མཐོང་སྐབས་སེམས་ནང་དགའ་ཚོར་ཆེན་པོ་ཡོང་གི་འདུག”ཅེས་བསྟན་འཛིན་གྱིས་སྤྲོ་སྣང་ཆེན་པོས་ཤོད་ཀྱི་འདུག  2015ལོ་ནས་ད་བར། ཁོང་གིས་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག4ཙམ་བསྐྱབས་ཤིང་། དེའི་རིང་ཁྲུང་ཁྲུང་སྐེ་ནག་གིས་གཙང་འགྲམ་གྱི་བྱེ་མ་ཏོག་ཙམ་བླུགས་པའི་ཆུ་ལས་ཆུ་གཞན་དག་མི་འཐུང་བ་སོགས་ཁྲུང་ཁྲུང་སྐེ་ནག་གི་གོམས་གཤིས་མང་དག་ཅིག་ཀྱང་ཤེས་རྟོགས་ཐུབ་ཡོད།

    སྐོར་གཡེང་བྱེད་སྐབས། ཁྲུང་ཁྲུང་སྐེ་ནག་ལྕགས་དྲར་འཁོན་ཡོད་མེད་སོགས་ལྟ་དགོས་པ་ཕུད། སྟག་མགོ་ཆུ་མཛོད་ཀྱི་ཉེ་འགྲམ་དུ་ཉ་འཛིན་མཁན་ཡོད་མེད་ལ་རྟག་ཏུ་སྐོར་སྲུང་བྱེད་པར་འགྲོ་དགོས་ཀྱི་ཡོད། གང་ལགས་ཤེ་ན། སྟག་མགོ་ཆུ་མཛོད་ཀྱི་ཉེ་འགྲམ་དུ་ཡོད་པའི་ཉ་དེ་དག་ནི་ཁྲུང་ཁྲུང་སྐེ་ནག་གི་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་པས། ཉ་འཛིན་པར་ཡོང་ཚེ་ཁྲུང་ཁྲུང་སྐེ་ནག་གི་ཟས་འཕྲོག་པ་དང་གཉིས་སུ་མ་མཆིས། ཉ་འཛིན་མཁན་འགོག་པ་དེའང་ཁོང་གིས་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོང་བྱེད་པའི་ལས་ཀའི་ནང་དོན་གལ་ཆེན་གཞན་ཞིག་རེད།

    “ཀྲུང་གོའི་མི་བཟང་གི་མི་ཐོར”ཚུད་པའི་སྐོར་གླེང་སྐབས། བསྟན་འཛིན་གྱིས“མིང་ཐོ་དེར་ཚུད་པས་དགའ་སྤྲོ་ཆེན་པོ་བྱུང་།  འདི་ནི་འབྲེལ་ཡོད་ཚན་པས་ངའི་ལས་ཀར་ཁས་ལེན་གང་ལེགས་བྱས་པ་ཞིག་རེད།  ངས་མུ་མཐུད་ལས་ཀ་དེའི་རྒྱུན་བསྐྱང་རྒྱུ་ཡིན་ལ། མི་རྣམས་ཀྱིས་ཀྱང་ཁྲུང་ཁྲུང་སྐེ་ནག་དང་འདབ་ཆགས་ཀུན་ལ་དགའ་ཞེན་དང་སྲུང་སྐྱོང་བྱེད་རྒྱུའི་རེ་བ་ཆེན་པོ་ཡོད”ཅེས་བརྗོད།

    ད་ཆ་ལྷུན་གྲུབ་རྫོང་དུ་དགུན་ཁ་སྐྱེལ་བར་ཡོང་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་2005ལོའི་1200ལྷག་ཙམ་ནས་ད་ཆའི་2300ལྷག་ཙམ་བར་མང་དུ་ཕྱིན་ཡོད་པས། བསྟན་འཛིན་དང་འདྲ་བའི་ཁྲུང་ཁྲུང་སྐེ་ནག་གི་སྐོར་སྲུང་བ་ཚོའི་ལས་འགན་ཇེ་ཆེ་དང་ལས་འབོར་ཇེ་མང་དུ་འགྲོ་བཞིན་པ་ནི་སྨོས་མེད་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།