གྲོགས་པོ་ཆུང་ཆུང་ཚོ། དེ་རིང་ནི་ཁྱེད་ཚོར་དབང་བའི་ཉིན་མོ་རེད།
ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་གཉེར་འགན་འཁུར་བའི《བྱིས་བློ་བཅངས་ནས་མ་འོངས་ཕུགས་འདུན་སྒྲུབ》ཅེས་པའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།
ད་ཐེངས་ཀྱི་འཁྲབ་སྟོན་ནང་སློབ་གྲྭ་ཁག་ནས་ཡོང་བའི་བྱིས་པ་400ལྷག་ཙམ་ཞུགས་ཡོད་པ་དང་། འཁྲབ་སྟོན་ཧྲིལ་པོར《བཀྲ་ཤིས་པའི་ལོ་ཟླ》《བདེ་སྐྱིད་ལྡན་པའི་འཚོ་བ》《བྱིས་བློ་བཅངས་ནས་མ་འོངས་ཕུགས་འདུན་སྒྲུབ》《དཔྱིད་དྲོད་སླེབས་ནས་མེ་ཏོག་རྣམ་པར་བཞད》བཅས་ལེའུ་བཞི་ལ་དབྱེ་ཡོད།
འཁྲུག་ཆ་དོད་པའི་འཁྲབ་སྟོན་རེ་རེ་དང་། དགའ་སྤྲོ་འཁོལ་བའི་འཛུམ་མདངས་རེ་རེ། སྙན་འཇེབས་ཡིད་དབང་འཕྲོག་པའི་སྐད་གདངས། བདེ་འཇགས་འཁྱུག་པའི་སྟངས་སྟབས། ལྷད་མེད་དྭངས་གཙང་གི་སེམས་པ། གྲུང་ཤ་དོད་པའི་ངོ་གདོང་བཅས་ལས་དུས་རབས་གསར་པའི་བོད་ཀྱི་མི་རིགས་ཁག་གི་བྱིས་པ་ཚོ་ཏང་གི་དྲོ་སྐྱིད་ཉི་འོད་འོག་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་པའི་ཉམས་འགྱུར་ཞིག་མངོན་བཞིན་མཆིས།
དེ་རིང་ང་ཚོས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ནས་འཁྲབ་སྟོན་ལ་ཞུགས་པ་ཡིན་པས། ངེས་པར་དུ་འཁྲབ་སྟོན་ཡག་པོ་བྱས་ཏེ་རྒན་ལགས་དང་ཕ་མ་སྤུན་མཆེད་ཚོའི་བསྟོད་བསྔགས་ཐོབ་པར་བྱེད་ཀྱི་ཡིན་ལ། སློབ་གྲྭ་གཞན་གྱི་རྗེས་སུ་མི་ལུས་པར་བྱེད་པའི་སེམས་ཤུགས་ཀྱང་ཆེན་པོ་ཡོད་ཅེས་བྱེད་སྒོར་ཞུགས་མཁན་གྲོགས་པོ་ཆུང་ཆུང་ཞིག་གིས་སེམས་ཤུགས་ཆེན་པོས་གསར་འགོད་པར་བཤད་བྱུང་།
མཇུག་ཏུ། གྲོགས་པོ་ཆུང་ཆུང་ཚོ་བདེ་སྐྱིད་ཀྱི་དབྱངས་རྟ་དང་འགྲོགས་ནས་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་དང་། སློབ་སྦྱོང་ཡག་པོ་ཉིན་བཞིན་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། དྲུག་གཅིག་བྱིས་པའི་དུས་ཆེན་ལ་དགའ་དགའ་སྤྲོ་སྤྲོ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།