དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ཁ་རག་ལུང་པར་སྦྲང་རྩིའི་རྟེན་འབྲེལ་འགྲིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     རྩོམ་པ་པོ།  བསྟན་ཕུན། དཔལ་མཆོག སྒྲོལ་དཀར། ཚེ་སྒྲོན།   |     སྤེལ་དུས།  2022-07-11

    དབྱར་ཟླ་བདུན་པའི་ཚེས་བཞི་ཉིན་གྱི་ཞོགས་པར། ང་ཚོ་གསར་འགོད་པ་འདི་ག་དུས་དེབ་ཀྱི་གསར་འགྱུར་ཆ་འཕྲིན་ལས་ཀའི་དགོས་མཁོ་བཞིན། དཔལ་གྱི་གྲོང་ཁྱེར་ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་ཤར་རེར་བོད་ལྗོངས་དབུས་གཙང་གི་ས་མཚམས་ལྟ་བུར་ཆགས་པའི་ཁ་རག་ཤང་གི་ཞིང་གྲོང་དུ་བཅར་འདྲིར་བསྐྱོད་པ་ཡིན།

    640.jpg

    ཁ་རག་ཤང་གི་ཟུར་གཅིག

    640 (1).jpg

    མང་ཚོགས་ཀྱིས་སྦྲང་རྩི་བསྡུ་བཞིན་པ།

    སྤྱིར་ཡུལ་ལུང་འདིའི་ཆགས་ཚུལ་ནི་ཁ་རག་ཇོ་ཕོ་ཇོ་མོ་ཞེས་སྲིད་པའི་གངས་དཀར་རྩེ་མོ་གཉིས་གཤིབ་པའི་རི་གཤམ་དང་། ལྷུང་ལྷུང་དུ་བཞུར་བའི་ཡར་ཀླུང་གཙང་པོའི་ངོགས་ཀྱི་ལྗོན་གསེབ་ན་དབེན་ཐིང་ངེར་གནས། མ་གཞི་ཡུལ་ལུང་འདི་ནི་ཧི་མ་ལ་ཡའི་རི་རྒྱུད་དང་བྱང་ཕྱོགས་གཉན་ཆེན་ཐང་ལྷའི་རི་རྒྱུད་སྦྲེལ་མཚམས་སུ་གནས་མོད། མིག་སྔར་ས་ཁོངས་དེ་བོད་ལྗོངས་སྣ་དཀར་རྩེ་རྫོང་ཁོངས་སུ་གཏོགས་ཀྱི་ཡོད་ལ། ས་ཁོངས་ཀྱི་སྤྱིའི་ས་བབ་སྨི3880ཙམ་ལས་ཟིན་གྱི་མི་འདུག

    640 (2).jpg

    སྦྲང་རྩི་བསྡུ་བའི་ཡུལ་དངོས།

    ངོ་མཚར་གཏམ་རྒྱུད་ཀྱིས་ཕྱུག་པའི་སྲིད་པའི་གངས་རི་ཡི་ཁུག་འདི་ན། རང་བྱུང་ཁམས་ཆེན་པོའི་དམིགས་བསལ་གྱི་ས་བཅུད་དང་དྲོད་གཤེར། དེ་བས་ལྷུན་པོ་དང་ཆུ་བོའི་བར་གྱི་བཀྲ་ཤིས་པའི་ས་དཔྱད་འདི་དག་ལ་བརྟེན་ནས། དེང་གི་ཆར་ཁ་རག་ཤང་གི་སྲིད་འཛིན་གྲོང་ཚོ་དྲུག་ཁོངས་ཀྱི་ཐེམ་དུད་569དང་མི་འབོར་2051ལྷག་ཙམ་གྱིས་ཞིང་འབྲོག་ནགས་ཞོར་སོགས་སྣེ་མང་ཐོན་ལས་ལ་བརྟེན་ནས་འཚོ་སྡོད་བྱེད་བཞིན་འདུག

    640 (3).jpg

    ཐོན་སྐྱེད་ལེགས་པོ་བྱུང་བ།

    གསར་འགོད་པས་ཤང་འདིའི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་སྐབས། ཤང་ཧྲིལ་པོར་རྨོ་ཞིང་རྒྱ་ཁྱོན་མུའུ་3854ཙམ་ལས་མེད་པ་དང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་18ཙམ་ཟིན་གྱི་ཡོད་མོད། མུའུ་ཁྲི་3ཙམ་རི་རྒྱ་བསྡམས་ཡོད། དེ་བཞིན་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་2.9ཡོད་པ་དེ་དག་གཙོ་བོ་འབྱུང་ཁམས་ཁོར་ཡུག་གི་གྲུབ་ཆ་ཙམ་ཡིན་པ་ལས། དཔལ་འབྱོར་གསར་སྤེལ་གྱི་རིན་ཐང་དེ་ཙམ་ཆེན་པོ་མེད། དེས་ན་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྲོལ་རྒྱུན་ཐོན་སྐྱེད་རྣམ་པ་ལས་བརྒལ་ཏེ། རྒྱུན་མཐུད་འབབ་འཕར་ཇི་ལྟར་ཐུབ་མིན་ཐད་མནོ་བསམ་གཏོང་བ་ནི། ཁ་རག་ཤང་མི་དམངས་ཀྱི་མིག་མདུན་དུ་ལྷག་པའི་དཀའ་གནད་ལ་གྱུར་ཡོད།

    640 (4).jpg

    རྩི་སྦྲང་གསོ་སྒམ།

    བཅར་འདྲི་ཞུ་རིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཇའོ་ཞའོ་མིང་གིས། ང་ཚོ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བའི་གད་སྙིགས་བསྡུ་རུབ་ཁུལ་དུ་ཁྲིད་དེ་ངོ་སྤྲོད་གནང་དོན། མིག་སྔར་ཁ་རག་ཤང་ཁོངས་ཀྱི་མང་ཚོགས་ཡོངས་ལ་འཚོ་བའི་གོམས་གཤིས་ལེགས་སུ་གཏོང་བ་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྟན་པོ་འཇགས་པ་ནས་འགོ་བཙུགས་ཏེ། སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་ཡོང་ཐབས་ལ་སེམས་ནུས་འདོན་བཞིན་ཡོད་ཅེས་དང་། ཤང་ཁོངས་གྲོང་ཚོའི་མང་ཚོགས་རྣམས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གི་གད་སྙིགས་བསྡུ་རུབ་གཙང་སེལ་བྱས་ནས། ཁ་རག་ཤང་འབྱུང་འཕྲོད་སྐར་གསོག་བརྗེ་རེས་ཚོང་ཁང་སྟེ། ཏང་ཡོན་དང་བླངས་ཞབས་ཞུའི་ལས་གནས་ཁུལ་དུ་གཅིག་སྡུད་ཐོག་བསྐྱལ་ན། དེ་ག་ནས་འཚོ་བའི་མཁོ་ཆས་སྐར་གྲངས་བཞིན་བརྗེ་ཆོག་པས། དེང་གི་ཆར་ཤང་ཁོངས་ཀྱི་འབྱུང་ཁམས་ཁོར་ཡུག་དང་མང་ཚོགས་ཀྱི་འཚོ་བའི་གཙང་སྦྲ་འཕྲོད་བསྟེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བཤད།

    640 (5).jpg

    མང་ཚོགས་ཀྱིས་ཁོར་ཡུག་གཙང་སྦྲའི་སྐར་གྲངས་ལ་འཚོ་བའི་མཁོ་ཆས་བརྗེ་བཞིན་པ།

    གསར་འགོད་པས་བཅར་འདྲི་ཞུ་རིང་། ཉིན་ཁ་ཤས་ཀྱི་སྔོན་ཙམ་ལ་ལྗོན་ཤིང་ནགས་ཚལ་དང་། པད་ཞིང་། ཁོར་ཡུག་སྔོ་ཁེབས་ཀྱིས་ཁྱབ་པའི་ཁ་རག་ཤང་དུ་སྦྲང་ནོར་བུ་གསོ་སྤེལ་བྱས་པའི་སྦྲང་རྩིའི་ཐོན་འབབ་ཐོག་མ་བསྡུས་པ་རེད་ཅེས་ཐོས། དེ་འཕྲལ་གཏམ་བཟང་འདིར་རྒྱུས་ལོན་བྱེད་སྐབས། ཁ་རག་མང་ཚོགས་ཀྱི་འབབ་འཕར་ལས་དོན་གང་ལེགས་སྤེལ་ཆེད། སྣ་དཀར་རྩེ་རྫོང་ཨུད་དང་སྲིད་གཞུང་གིས་རྒྱབ་སྐྱོར་འོག ད་ལོའི་ཟླ་6པའི་ཟླ་འགོ་ནས་བཟུང་ཤང་ཁོངས་ཀྱི་ལྕགས་ར་དང་། སྤུན་རྒྱུད། ཁ་ཕུ་བཅས་གྲོང་ཚོར་སྦྲང་ནོར་བུ་གསོ་སྤེལ་གྱི་ཚོད་ལྟའི་ལས་དོན་སྤེལ་བ་དང་། ཟླ་7ཚེས་2ཉིན་གྱི་གཟའ་སྐར་འཕྲོད་སྦྱོར་བཟང་པོར་སྦྲང་རྩི་བསྡུ་བའི་ལས་དོན་སྤེལ། དུས་ཡུན་ཆུ་ཚོད་5ཙམ་རིང་སྦྲང་རྩི་བསྡུས་པར་ཁྱོན་ཐེངས་གཅིག་ལ་སྦྲང་རྩི་རྒྱ་མ1045.6ཙམ་གྱི་དགའ་འོས་པའི་ཚོད་ལྟའི་གྲུབ་འབྲས་ཐོབ་པ་ནི། ཤང་དེ་ག་ཙམ་མིན་པར་སྣ་དཀར་རྩེ་རྫོང་གི་ལོ་རྒྱུས་ཟིན་ཐོ་གསར་པ་རེད་ཅེས་ཐོས། རྨོ་ཞིང་གི་ས་ཁྱོན་ཆེན་པོ་མེད་ལ་ཐོན་ལས་དང་པོ་འཕེལ་རྒྱས་གཏོང་བའི་ཐབས་ལམ་ཉུང་བའི་ཁ་རག་ཤང་ལ་ཆ་མཚོན་ན། ཡུལ་ལུང་གི་དམིགས་བསལ་ལེགས་ཆ་སྔོག་སྤེལ་བྱེད་པའི་ཁོག་རྩིས་དང་འདུན་པ་མང་ཚོགས་ཀྱི་སེམས་ལ་སྔ་ས་ནས་ཡོད་པ་ང་ཚོའི་མིག་མདུན་ལ་ཤར་འོང་།

    640 (6).jpg

    སྦྲང་ནོར་བུ་གསོ་ཡུལ།

    ཉམས་དགའ་བའི་ཁ་རག་ཤང་གི་ཡུལ་ལུང་འདི་ན། རྩི་སྦྲང་གི་རྟེན་འབྲེལ་རང་དགར་འགྲིག་ཅིང་། ཡུལ་པའི་མི་དམངས་རྣམས་ལ་རྩི་སྦྲང་གསོ་སྤེལ་བྱེད་པའི་སེམས་ཤུགས་དེ་མར་འཕེལ་བ་དང་དུས་མཚུངས། རི་ཁའི་ལྟོ་རྟེན་རི་ཁོ་ན་ཙམ་མིན་པར། ད་དུང་བདེ་སྐྱིད་ལྡན་པའི་འཚོ་བ་ནི་བསམ་བློར་བཅིངས་འགྲོལ་གཏོང་བ་ལས་ཡོང་གི་ཡོད་པའི་ངེས་ཤེས་བརྟན་པོ་རྙེད་ཡོད།

    640 (7).jpg

    སྦྲང་རྩི་སྤུས་ལེགས།

    (བརྙན་པར་ཡོངས་ཁ་རག་ཤང་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།