ལྗོངས་སྨན་རྩིས་ཁང་གི་ལོ་ཐོར་ཆུ་སྟག་ལོའི་བོད་ཟླ་དང་པོའི་ཚེས་13ཉིན་ཏེ་སྤྱི་ཟླ་གསུམ་པའི་ཚེས་16ཉིན་ཟོར་ཐོང་འཛོམས་པས་རྨོད་གཉའ་གཅོག་ན་ལེགས་ཞེས་འཁོད་ཡོད་པས། དེ་རིང་བོད་ཀྱི་ཡུལ་གྲུ་གང་སར་རྨོད་གཉའ་བཅག་ནས། ལོ་གཅིག་གི་རེ་བའི་ས་བོན་བཏབ་སྟེ་འབྲས་བཟང་སྨིན་པའི་སྨོན་ལམ་འདེབས་བཞིན་མཆིས།
དེ་རིང་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ལྷོ་ཁ་གྲོང་ཁྱེར་གྱི་ས་བོན་གྱི་རྟེན་གཞིར་གྲགས་པའི་གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོར་མང་ཚོགས་ཚོས་རྨོད་གཉའ་གཅོག་པའི་མཛད་སྒོའི་སྟ་གོན་བྱེད་བཞིན་འདུག གྲོང་ཚོའི་ཕོ་མོ་རྒན་གཞོན་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་། ལག་ཏུ་གྲོ་སོ་ཕྱེ་མ་དང་དཀར་གཙང་མཇལ་དར་ཁྱེར་ནས་སྤྲོ་སེམས་ཆེན་པོས་མཛད་སྒོ་འཚོག་ཡུལ་དུ་ཡོང་ཞིང་། ལྷག་བསམ་དཀར་བའི་སྨོན་ཚིག་བཟང་པོ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་མཛད་སྒོ་དངོས་སུ་སྒོ་ཚུགས།
འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དོན་ཆེན་རེད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་ངེས་པར་དུ་ཞིང་ལས་ཐོན་རྫས་གཙོ་བོ་དང་ལྷག་དོན་དུ་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་དགོས། ལོ་ལེགས་ཀྱི་སྨོན་འདུན་ཞུ་བའི་རྨོད་གཉའ་གཅོག་རྒྱུ་དེ་མང་ཚོགས་ཚོས་བྱེད་སྒོ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད། དེར་བརྟེན། ལས་དོན་དེར་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ལྷོ་ཁ་གྲོང་ཨུད་ཀྱི་འབྲེལ་ཡོད་དབུ་ཁྲིད་མོན་མཁར་རོང་གྲོང་ཚོའི་རྨོད་གཉའ་གཅོག་པའི་མཛད་སྒོ་འཚོག་ཡུལ་དུ་ཕེབས་ཡོད། དེ་བཞིན་གྲོང་ཚོ་ཨུ་ལྷན་དང་མང་ཚོགས་རྣམས་ཀྱིས་ཀྱང་མཛད་སྒོ་བདེ་བླག་ངང་གཉེར་ཐུབ་ཆེད། ཉིན་འགའ་ཤས་གོང་ནས་མཛད་སྒོའི་གྲ་སྒྲིག་བྱས་ཡོད་པ་དང་། དེ་རིང་ཞོགས་པ་གྲོང་ཚོའི་མང་ཚོགས་རྒན་གྲས་ཚོས་ས་ཞིང་རྨོ་འགོ་འཛུགས་མཁན་རྣམས་ལ་ཁ་བཏགས་གཡོག་པ་མ་ཟད། ཕྱེ་མར་དང་། མཆོད་ཆང་། ཇ་སྲུབས་མ་སོགས་བཀྱག་པ་དང་ལྷ་རྒྱལ་འཐེན་ནས་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་འབྲས་བཟང་སྨིན་པའི་སྨོན་འདུན་ཞུ་བཞིན་འདུག
སྔོན་ཆད་ཡིན་ན། དཔྱིད་རྨོ་འདེབས་དང་སྟོན་གཡུལ་ལས་གང་ལྟར་རུང་། མི་ཤུགས་དང་སྒོ་ཕྱུགས་ཁོ་ནར་བརྟེན་དགོས་པས། རླུང་འཚུབ་ཇི་ལྟར་ལྡང་ཡང་། ནམ་དུས་ཇི་ལྟར་གྲང་ཡང་། ཚ་གདུག་ཇི་ལྟར་ཆེ་ཡང་། མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ཆེད་དཀའ་ངལ་ལ་བཟོད་བསྲན་གྱིས་དཔུང་ས་འོག་ཏུ་བཅུག་ནས་ཞིང་ལས་ལ་འབད་པ་བྱེད་རྒྱུ་ལས་མ་འདས། འོན་ཀྱང་། ཕྱིས་སུ་སྟབས་ལེགས་པ་ཞིག་ལ་ལྗོངས་ཡོངས་སུ་སྲོལ་རྒྱུན་གྱི་ཞིང་ཁ་རྨོ་སྟངས་ལ་འགྱུར་ལྡོག་ཕྱིན་ནས་རིམ་བཞིན་དེང་རབས་ཀྱི་ཐོན་སྐྱེད་རྣམ་པར་གྱུར་ཏེ། མི་རྣམས་ཀྱི་ལས་བཟོད་ཡང་དུ་ཤུགས་ཆེན་ཕྱིན་ཡོད་ལ། མང་ཚོགས་ཀྱི་འཚོ་བ་ཡག་ཏུ་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
“ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་བ་ནས་བཟུང་ང་ཚོའི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། སྔོན་ཆད་ཉིན་ཉི་ཤུའི་ལས་ཀ་ད་ལྟ་གཟའ་འཁོར་གཅིག་ནང་ཚང་མ་ཚར་གྱི་ཡོད་ཅིང་། གྲོང་ཚོའི་ནང་གི་རྒན་རྒོན་རྣམས་ཞིང་ལས་གང་ཡང་བྱེད་དགོས་མེད་པར། གྲོང་ཚོ་ཨུ་ལྷན་གྱིས་གཅིག་སྡུད་ཐོག་ཞིང་ཁ་འདེབས་པ་དང་། བཙས་མ་རྔ་བ། གཡུལ་ཁ་གཏོང་བ་སོགས་བྱེད་ཀྱི་ཡོད་པས། ཞིང་དལ་དུས་ཚོད་ནང་ཕྱིར་ཡོང་འབབ་གསོག་པར་སྐྱོད་པའི་གོ་སྐབས་འདུག དེང་སང་ང་ཚོའི་གྲོང་ཚོས་སོན་བཟང་དང་གཟན་ཆག་སོགས་བཏབ་ནས་ཡོང་འབབ་མི་ཉུང་བ་གསོག་ཐུབ་ཀྱི་འདུག འཚོ་བར་དཀའ་ངལ་གང་ཡང་མི་འདུག”ཅེས་མོན་མཁར་རོང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཀརྨ་དངོས་གྲུབ་ཀྱིས་དགའ་ཚོར་ཆེན་པོས་བརྗོད་ལ། གྲོང་མི་བསོད་ནམས་དངོས་གྲུབ་ཀྱིས་ཀྱང“དེང་སང་ཏང་གི་བཀའ་དྲིན་བཟང་པོའི་འོག་ལ་ང་ཚོ་ཞིང་པ་མང་ཚོགས་རྣམས་དཔུང་ས་འོག་ཏུ་འཇུག་མི་དགོས་པར་འཕྲུལ་ཆས་ལ་བརྟེན་ནས་ཞིང་ཁ་འདེབས་པ་དང་བཙས་མ་རྔ་བ་སོགས་བྱེད་པས། ལས་ཕྱོད་ཆེ་རུ་ཕྱིན་ནས་ཞོར་ལས་ཡོང་འབབ་གསོག་པའི་ཁོམ་པ་མང་པོ་བྱུང་ནས་འབབ་འཕར་ཡོང་གི་འདུག”ཅེས་སེམས་འགུལ་ཆེན་པོས་བརྗོད།
ཞིང་ལས་ཐོན་སྐྱེད་སྐོར་གླེང་སྐབས་ཀརྨ་དངོས་གྲུབ་ཀྱིས“ང་ཚོའི་གྲོང་ཚོར་ཆ་བཞག་པ་ཡིན་ན། ཞིང་གསུམ་ལས་དོན་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བ་མ་ཟད། གོང་རིམ་འགོ་ཁྲིད་ཀྱི་བཀོད་སྒྲིག་དང་མང་ཚོགས་ཚོའི་ཤུགས་ཆེའི་རྒྱབ་སྐྱོར་འོག གྲོང་གསེབ་དར་རྒྱས་ལས་དོན་ལ་འབད་པ་བྱས་དང་བྱེད་མུས་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བཀའ་སློབ་གནང་བ་ལྟར། ང་རང་རང་ཉིད་ལ་ཆ་མཚོན་ནའང་2008ལོ་ནས་བཟུང་གྲོང་ཚོའི་ཀྲི་པུའུ་ཡི་འགན་ཁུར་ནས་ད་བར་ཞིང་ལས་ཐོན་སྐྱེད་ལས་དོན་ལ་སེམས་ནུས་ཆེན་པོ་བཏོན་པ་ཡིན་ལ་གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་ཐོབ་བྱུང་། རྒྱལ་ཁབ་རིམ་པའི་བྱ་དགའ་ཡང་ཐོབ་བྱུང་བས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། ང་རང་ཏང་ཡོན་ཞིག་ཡིན་པའི་ངོས་ནས། སླད་ཕྱིན་མང་ཚོགས་ཚོའི་སྣེ་ཁྲིད་ནས་ཏང་གི་རྗེས་སུ་འབྲང་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་ཚོར་བ་བཅས་བྱེད་རྒྱུ་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་ལྷ་ཁུད་གྲོང་ཚོའི་རྨོད་གཉའ་གཅོག་པའི་མཛད་སྒོ
གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གནས་ཆུང་གྲོང་ཚོའི་རྨོད་གཉའ་གཅོག་པའི་མཛད་སྒོ
གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་ལྷ་ཆོས་གྲོང་ཚོའི་རྨོད་གཉའ་གཅོག་པའི་མཛད་སྒོ
གསར་འགོད་པ། ལྷག་པ་ཚེ་རིང་། བསྟན་འཛིན་གཡུ་སྒྲོན།
པར་ལེན་སྒྲིག་བཟོ། བསོད་ནམས་སྟོབས་ལགས། བསྟན་འཛིན་ཆོས་གྲགས།
ལས་སྒྲུབ་ཁང་། ལམ་སྣེ་ལས་སྒྲུབ་ཁང་།