བཀྲ་ཤིས། ཐེམ་ཐོ་གྲོང་ཁྱེར་དུ་བསྒྱུར་བའི་ཞིང་པའི་ས་ཞིང་གི་འགན་གཙང་དབང་ཆ་དང་། ཁང་སའི་བེད་སྤྱོད་དབང་ཆ། མཉམ་སྡེབ་ཡོང་འབབ་ཀྱི་བགོ་འགྲེམས་དབང་ཆ་བཅས་འགན་སྲུང་བྱས་ཏེ་ཁྲིམས་ལྟར་རང་མོས་ངང་རིན་ཡོད་ནང་བཤུག་གཏོང་བར་སྐུལ་ལྕག་བྱེད་དགོས་དོན་གང་ཡིན་ནམ།
སྒྲོལ་མ། རང་རྒྱལ་གྱི་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་མ་གཏིང་ཟབ་ཐེབས་པ་དང་བསྟུན་ནས། ཞིང་པ་མང་པོ་ཞིག་གྲོང་ཁྱེར་དུ་གླ་པ་རྒྱུག་པ་དང་ཚོང་རྒྱག་པར་བསྐྱོད་པ་དང་འགའ་ཤས་གྲོང་ཁྱེར་དང་གྲོང་རྡལ་དུ་ཐེམ་ཐོ་བསྒྱུར་ཡོད། གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་གྱི་ཐེམ་ཐོ་གྲོང་ཁྱེར་དུ་བསྒྱུར་བའི་ཞིང་པའི་ཁྲིམས་མཐུན་གྱི་ས་ཞིང་ཁེ་དབང་འགན་སྲུང་ཇི་ལྟར་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད། སྲིད་ཇུས་ཀྱི་ཐད་ནས་བཤད་ན་གནད་དོན་འདིར་ཕན་ཚུན་འབྲེལ་བ་ཡོད་པའི་རིམ་པ་གཉིས་ཚུད་པ་སྟེ།
རིམ་པ་གཅིག་ནི་ཐེམ་ཐོ་གྲོང་ཁྱེར་དུ་བསྒྱུར་བའི་ཞིང་པའི་ས་ཞིང་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཇི་ལྟར་བྱེད་པ་དང་། རིམ་པ་གཞན་ཞིག་ནི་ཐེམ་ཐོ་གྲོང་ཁྱེར་དུ་བསྒྱུར་བའི་ཞིང་པའི་ས་ཞིང་ཁེ་དབང་ནང་བཤུག་ལ་སྐུལ་འདེད་ཇི་ལྟར་གཏོང་བ་འདི་རེད།
གནད་དོན་འདི་ཐག་གཅོད་བྱེད་པའི་ཡང་དག་པའི་ཐབས་ལམ་ནི་ཁྲོམ་རའི་དཔལ་འབྱོར་གྱི་བྱེད་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་ས་ཞིང་ཁེ་དབང་ནང་བཤུག་གཏོང་བའམ་ཡང་ན་དེ་ནས་ཕྱིར་འཐེན་པའི་ཐེམ་ཐོ་གྲོང་ཁྱེར་དུ་བསྒྱུར་བའི་ཞིང་པར་ལུགས་མཐུན་གྱི་ཁ་གསབ་སྤྲོད་རྒྱུ་དེ་རེད།
གཅིག གྲོང་གསེབ་ཀྱི་ས་ཞིང་ཁེ་དབང་ནང་བཤུག་དང་ཕྱིར་འཐེན་ལམ་སྲོལ་སྒྱུར་བཅོས་བྱེད་པའི་ལམ་ལུགས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཚོད་ལྟ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ས་ཞིང་ཁེ་དབང་ནང་བཤུག་ཤར་གཏོང་ཐུབ་པའི་ཁྲོམ་ར་ཅན་གྱི་བགྲོད་ལམ་གང་མགྱོགས་འཛུཌ་པ། གྲོང་གསེབ་ཀྱི་ས་ཞིང་ཐོན་ཁུངས་ཀྱི་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཀ་འཕར་བ་བཅས་བྱས་ཏེ། རྒྱལ་ཁབ་དང་། མཉམ་སྡེབ། མི་སྒེར་བཅས་ཚང་མར་ཁེ་ཕན་ཐོབ་པར་བྱེད་དགོས།
གཉིས། གྲོང་གསེབ་ཀྱི་འགན་གཙང་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲད་པའི་རྨང་གཞིའི་ཐོག གྲོང་གསེབ་ཀྱི་ཁང་ས་དང་ཞིང་པའི་སྡོད་ཁང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པར་སྐུལ་འདེད་མགྱོགས་པོ་གཏོང་དགོས།
གསུམ། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གྱི་བདག་དབང་ལམ་ལུགས་སྒྱུར་བཅོས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་ངོས་འཛིན་གཏན་འཁེལ་དང་། མཉམ་སྡེབ་རྒྱུ་ནོར་མ་རྐང་དུ་སྒྱུར་བའི་ཚད་གཞི་བཟོ་བ། མ་རྐང་མཉམ་ལས་ལམ་ལུཌ་སྒྱུར་བཅོས་བཅས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ་ཞིང་པའི་མཉམ་སྡེབ་ཁེ་ཕན་གྱི་བགོ་དབང་སྔར་བས་ཁ་གསལ་བཟོ་དགོས།
བཞི། གྲོང་གསེབ་ཀྱི་རྒྱུ་ནོར་བདག་དབང་ཉོ་ཚོང་ཁྲོམ་ར་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ས་ཞིང་གི་ཁེ་དབང་ནང་བཤུག་ཡོངས་བསྒྲགས་དང་། དྲང་སྙོམས། ཚད་ལྡན་བཅས་ཀྱི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་ཉོ་ཚོང་བརྒྱུད་རིན་གོང་ཤེས་རྟོགས་དང་ས་ཞིང་གི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་པའི་ལས་ཕྱོད་ཆེ་རུ་བཏང་ནས། ས་ཞིང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གོ་ཆོད་དང་འཁོར་རྒྱུག་ཐོགས་མེད་ཡོང་བར་བྱེད་དགོས།
ལྔ། ལག་ལེན་བསྟར་རིང་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་དང་། ལྷག་པར་དུ་འགན་གཙང་ས་ཞིང་དང་ཁང་ས་ནས་ཕྱིར་འཐེན་བྱེད་པ་ཞིང་པའི་ཐེམ་ཐོ་གྲོང་ཁྱེར་དུ་བསྒྱུར་བའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་མི་རུང་།
དྲུག ས་ཞིང་གི་སྤྱོད་སྒོ་དོ་དམ་ལམ་ལུཌ་དང་འཆར་འགོད་དོ་དམ་ལ་ཚོད་འཛིན་ནན་པོ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིས་གྲོང་གསེབ་ནས་ཁང་ས་ཉོ་བ་གཏན་འགོག་དང་། གྲོང་གསེབ་ཀྱི་ཁང་ས་སྤྱད་དེ་སྤྲོ་ཁང་ཆེན་པོ་དང་སྒེར་གྱི་སྤྲོ་ཁང་རྒྱག་པ་གཏན་འགོག མཉམ་སྡེབ་ས་ཞིང་ལ་དོ་དམ་ཚོད་འཛིན་བྱེད་མཁན་མེད་པའི་རིགས་ལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ས་ཞིང་ལམ་ལུཌ་སྒྱུར་བཅོས་ཀྱི་མཐའ་ཚད་མཐའ་འཁྱོངས་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་ཡང་ཡང་གནང་བའི“སྒྱུར་བཅོས་ཇི་ལྟར་བྱས་རུང་གྲོང་གསེབ་ཀྱི་ས་ཞིང་མཉམ་སྡེབ་ལ་དབང་བའི་ལམ་ལུཌ་རྩ་བརླག་ཏུ་གཏོང་མི་རུང་། རྨོ་ཞིང་ཉུང་དུ་གཏོང་མི་རུང་། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཞན་དུ་གཏོང་མི་རུང་། ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང”ཞེས་པ་འདི་རེད།