ཟླ་4པའི་གངས་ལྗོངས་ས་མཐོར་དཔྱིད་འདེབས་ཀྱི་དུས་ཚིགས་སླེབས་ཤིང་། ལོ་ངོ་སྟོང་གི་ཞིང་འདེབས་ལོ་རྒྱུས་ཡོད་པའི་ཞིང་ས་འདིར་ནས་ཀྱི་ཐོན་ལས་ལ་འཕེལ་རྒྱས་ཀྱི་དུས་བཟང་ཤར་བཞིན་ཡོད།
བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་གྲངས་གཞི་ལས་མངོན་པར། 2020ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་103.96ཟིན་པ་དང་། དེའི་ཁྲོད་ནས་ཀྱི་ཐོན་འབབ་ཏུན་ཁྲི་79.5ཟིན་པ་དེ་མུའུ་རེར་ཆ་སྙོམས་ཐོན་འབབ་སྤྱི་རྒྱ་381ཟིན་ནས། ནས་ཀྱི་ཐོན་འབབ་དང་མུའུ་རེའི་ཆ་སྙོམས་ཐོན་འབབ་ཀྱི་ཚད་དེ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་གི་ཞིང་པས་ནས་ཀྱི་ཐོན་འབབ་བསྡུ་བཞིན་ཡོད་པ། (2018ལོའི་ཟླ་9ཚེས་16ཉིན་བླངས་པའི་པར)
ལོ་ངོ་3500ཡི་འདེབས་འཛུགས་ལོ་རྒྱུས་ལྡན་པའི་ནས་ལ་གནའ་སྔ་མོ་ནས་ བོད་ཀྱི་འདེབས་འཛུགས་རྒྱ་ཁྱོན་ཆེ་ཤོས་དང་ཐོན་འབབ་ཟིན་ཚད་མཐོ་ཤོས་ཀྱི་འབྲུ་རིགས་ཤིག་རེད། འོན་ཏེ་བོད་ལ་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་དུས་ཚོད་རིང་མོའི་ནང་། ཞིང་ལས་ཐོན་སྐྱེད་བྱེད་སྟངས་རྙིང་པ་ཡིན་པའི་ཁར་ནས་ཀྱི་ས་བོན་སྣ་གཅིག་ཡིན་པ་དང་ས་བོན་སྐྱེ་ནུས་ཉམས་པས་ཐོན་འབབ་ས་བོན་གྱི་ལྡབ་4་ནས་ལྡབ་10བར་ལས་མེད་པ་རེད།
ལོ་78ཡིན་པའི་རིག་འཛིན་ནི་དེ་སྔ་ཞིང་བྲན་ཞིག་ཡིན་པ་དང་སྔར་སོང་གི་ལྟོས་གྲོད་པ་མི་རྒྱགས་པའི་འཚོ་བར་དྲན་གསོ་བྱེད་སྐབས། “སྐབས་དེ་དུས་ནང་མི་ཚང་མ་རྟག་ཏུ་གྲོད་པ་ལྟོགས་པར་ལུས་པ་དང་ཞིང་བྲན་བདག་པོས་ཉིན་གཅིག་ལ་རྩམ་པ་ཕོར་པ་ཆུང་ཆུང་གང་ལས་མི་སྟེར་བ་དང་། ལོ་ཉེས་འབྱུང་སྐབས་རྩམ་ཐུག་སླ་པོ་གང་ལས་སྟེར་གྱི་མེད”ཅེས་བཤད།
བོད་ལྗོངས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་སློབ་དཔོན་ཆེན་མོ་ཐུབ་བསྟན་མཁས་གྲུབ་ཀྱིས་ལོ་ངོ་70ཡི་སྔོན་དུ་བོད་ཀྱི་ཞིང་ལས་ཐོན་སྐྱེད་དུས་ཡུན་རིང་པོར་གདོད་མའི་འདེབས་འཛུགས་བྱེད་སྟངས་བེད་སྤྱད་པ་དང་ངལ་རྩོལ་ལག་ཆ་ཡང་ལེགས་སུ་གཏོང་ཐུབ་མེད་པས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ཧ་ཅང་འགོར་པོ་ཡོད་པ་རེད་ཅེས་བཤད།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ཞིང་པས་ནས་བརྔ་བསྡུ་བྱེད་བཞིན་ཡོད་པ། (2018ལོའི་ཟླ་9ཚེས་13ཉིན་བླངས་པའི་པར)
བོད་ལ་ཞི་བའི་བཅིངས་འགྲོལ་བཏང་རྗེས། ནང་སའི་འདེབས་འཛུགས་ལག་རྩལ་བོད་ལ་དར་ཏེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བོད་ཀྱི་འབྲུ་རིགས་ཐོན་འབབ་གོང་མཐོར་ཕྱིན་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་ཀྱི་མི་འབོར་95%ཡན་གྱི་ཞིང་བྲན་ལ་ས་ཞིང་བགོ་བཤའ་ཐོབ་པ་མ་ཟད། ཞིང་ཁའི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། འཕྲུལ་ཆས་ཅན་རིམ་གྱིས་ཡོངས་ཁྱབ་བྱུང་བས་བོད་ཀྱི་ཞིང་ལས་ཐོན་སྐྱེད་གདོད་མའི་རྣམ་པ་ལས་རིམ་གྱིས་གྲོལ་ཏེ་མགྱོགས་མྱུར་ངང་དེང་རབས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ཕྱོགས་སུ་བསྐྱོད་ཡོད་པ་རེད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70ཡི་རིང་། ཞིང་ལས་འཕྲུལ་འཁོར་སྒྲིག་ཆས་ཀྱི་བསྡོམས་འབོར་ཁ་གྲངས་ཁྲི་50.5ལས་བརྒལ་བ་དང་། སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་691.5ཟིན་ཡོད་པས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བརྔ་བསྡུའི་ཕྱོགས་བསྡུས་ཀྱི་འཕྲུལ་ཆས་ཅན་དུ་འགྱུར་ཚད་65%བར་འཕར་ཡོད་པ་རེད།
དེ་དང་དུས་མཚུངས“ནས་ཀྱི་འབུམ་རམས་པ”ཉི་མ་བཀྲ་ཤིས་དང་ཁོང་གི་རུ་ཁག་གིས་ལོ་19ཡི་ཞིབ་འཇུག་གསོ་འཕེལ་བྱས་པའི་སོན་བཟང“བོད་ནས་ཨང་2000”ནས་ལ་ཚན་རྩལ་གྱི་རྒྱུ་ཆ་གསར་དུ་བསྣན་ཡོད། དེང་གི་ཆར“བོད་ནས་ཨང་2000”དཔེ་མཚོན་དུ་བྱས་པའི་ནས་ཀྱི་སོན་བཟང་ཁྱབ་ཚད་ནི་ལྗོངས་ཡོངས་སུ་90%ཡན་ཟིན་ཡོད་པ་དང་། ནས་རྐྱང་པའི་མུའུ་རེའི་ཆ་སྙོམས་ཐོན་འབབ་2015ལོ་ལས་སྤྱི་རྒྱ་16.6མང་དུ་ཕྱིན་ཡོདཔ་རེད།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་མཁར་རྡོ་གྲོང་ཚོའི་གྲོང་མིས་ཞིང་ནང་དུ་ནས་བརྔ་བསྡུ་བྱེད་བཞིན་པ།(2018ལོའི་ཟླ་9ཚེས་3ཉིན་བླངས་པའི་པར)
ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཞོང་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཚུལ་ཁྲིམས་མགོན་པོས་ནས་ཀྱི་སོན་བཟང་གྲོང་ཚོ་ཡོངས་སུ་ཁྱབ་གདལ་བྱས་རྗེས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་380ཟིན་པས་སྔར་དང་བསྡུར་ན་དེ་བས་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།
ཉེ་བའི་ལོའི་ནང་གསར་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་སོན་བཟང་ལ་དམིགས་བསལ་གྱི་ལུས་ཟུངས་བདེ་སྲུང་བྱེད་པའི་ནུས་པ་ཡོད་པས་ནས་དེ་མི་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ནས་ནས་ལས་སྣོན་ཞིབ་ཚགས་བྱེད་པར་གོ་སྐབས་བྱུང་བ་དང་དུས་གཅིག་ཏུ་མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་ཡོད་པ་རེད། ནས་ཀྱི་ཐུག་པ་དང་། ནས་ཀྱི་ཇ། ནས་ཀྱི་བག་ལེབ་སོགས་ཀྱི་ཐོན་རྫས་རིམ་བཞིན་ནང་སའི་ཁྲོམ་རའི་ཐོག་འགྲོ་བཞིན་ཡོད་པ་དང་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད།
2016ལོར་བཙུགས་པའི་བོད་ལྗོངས་བདེ་ཆེན་ཉི་འོད་གཞིས་ཀ་ཀུང་སིས་ནས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་ལ་གཞོལ་ནས་ལོ་རེར་ནས་ལས་སྣོན་བྱས་ཚད་ཏུན་ཁྲི་10ཡན་ཟིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྣེ་འདྲེན་ཁེ་ལས་དེས“ཀུང་སི+མཉམ་ལས་ཁང+ཞིང་དུད”བཅས་ཀྱི་རྣམ་པ་བརྒྱུད་གཞིས་རྩེའི་ནས་འདེབས་འཛུགས་ཀྱི་ཐེམ་དུད་ལ་ཡོང་འབབ་སྒོར་ཁྲི་4000ལྷག་ཙམཡོང་རྒྱུར་སྐུལ་འདེད་བཏང་བ་མ་ཟད། དབུལ་པོའི་མི་འབོར་2000ལྷག་ཙམ་དབུལ་སྒྲོལ་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།
ལྷ་སར་སྤེལ་བའི་ནས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུའི་ཐོག་སྐུ་མགྲོན་ཞིག་གིས་ནས་ཀྱི་བག་ལེབ་ཀྱི་བྲོ་བ་མྱོང་བཞིན་ཡོད་པ། (2019ལོའི་ཟླ་9ཚེས་17ཉིན་བླངས་པའི་པར)
ཐོན་འབབ་བརྟན་པོའི་ངང་འཕར་བ་དང་བསྟུན་ཏེ་ནས་ཀྱི་ཕན་ནུས་གསར་སྤེལ་གང་མང་བྱུང་ནས་ལུས་ཟུངས་བདེ་སྲུང་གི་ཕྱོགས་ལ་འཕེལ་རྒྱས་འགྲོ་བཞིན་ཡོད་པརེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་ད་ལོ་མུའུ་ཁྲི་20ཡན་གྱི་གཅིག་སྡུད་ཡུག་གཅིག་ཏུ་འབྲེལ་བའི་གཞི་རྩའི་ཞིང་གསར་སྤེལ་བྱ་རྩིས་ཡོད་པ་དང་། མུའུ་ཁྲི་200ཡི་ཞིང་འདེབས་སྤུས་ཚད་མཐོར་གཏོང་ལས་གྲྭ་ལག་བསྟར་བྱ་རྒྱུ་དང་རྒྱ་ཁྱོན་མུའུ་ཁྲི་120ཡི་ཆུ་ཡུར་གསར་སྣོན་དང་ལེགས་བཅོས་བྱ་རྒྱུ་ཡིན་པས་ནས་ཀྱི་ཐོན་འབབ་ཏུན་ཁྲི་80ཡན་བརྟན་པོའི་ངང་གནས་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་པ་རེད།
བསོད་ནམས་དབང་འདུས་ཀྱིས་སྒྱུར། ཚེ་རིང་ཆོས་སྒྲོན་གྱིས་ཞུས།