དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • རི་འདེབས་ཀྱི་རྐང་རྩེད་སྤོ་ལོའི་ཐང་། བོད་ལྗོངས་མེ་ཏོག་རྫོང་གི“ལོ་གསར་གྱི་ཕྱག་རྟགས”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ལོའོ་པོའོ། ཝང་ཆིན་ཡོའུ། སུན་ཧྥའེ།   |     སྤེལ་དུས།  2021-04-15

    བོད་ཀྱི་ཤར་ལྷོའི་མཐའ་མཚམས་ཀྱི་མེ་ཏོག་རྫོང་ལ་ལས་ཞོར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་དཔྱིད་གསར་དུས་ཆེན་གྱི་གོང་དུ་ཚ་ཚ་འུར་འུར་ངང་སྤེལ་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རང་རེད། “ཡར་ཀླུང་གཙང་པོ་བུམ་པའི”འགྲན་བསྡུར་དེ་ད་ལོ་བར་ཐེངས་13སྤེལ་བ་རེད།

    ལོ་16ཡིན་པའི་མོན་པ་རིགས་ཀྱི་ལོ་ཆུང་དབང་ཆེན་ནོར་བུ་ནི་དེ་གར་སྐད་གྲགས་ཡོད་པའི་སྤོ་ལོ་བ་ཞིག་རེད། 2014ལོར་ཁོ་པ་འདེམས་སྒྲུག་བྱས་པ་བརྒྱུད་ཧེང་ཏའ་རྐང་རྩེད་སྤོ་ལོའི་སློབ་གྲྭར་ཚུད། ཁོ་པ་ད་ལོ་ཁྱིམ་དུ་ལོག་རྗེས་ཐེངས་འདིའི་འགྲན་བསྡུར་ནི་འགྲན་རྭ་གསར་པར་སྤེལ་རྒྱུ་ཡིན་པ་ཤེས། ཀོང་ཏུང་ཧྥོའོ་ཧྲན་བོད་སྐྱོར་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་འཛུགས་སྐྲུན་བྱས་པའི་མི་11ཡི་རྐང་རྩེད་སྤོ་ལོའི་འགྲན་རྭ་བསྐྲུན་ཚར་ལ་ཉེ་བས། འགྲན་བསྡུར་ཚང་མ་དེ་གར་སྤེལ་རྒྱུ་ཡིན་པ་རེད།

    1127105284_16134775283601n.jpg

    མེ་ཏོག་རྫོང་དུ་གསར་སྐྲུན་བྱས་པའི་མི་11ཡི་རྐང་རྩེད་སྤོ་ལོའི་འགྲན་རྭ་དེ་ཡར་ཀླུང་གཙང་པོའི་གཙང་འགྲམ་ན་ཡོད་པ།

    རི་འདེབས་སུ་བསྐྲུན་པའི་རྐང་རྩེད་སྤོ་ལོའི་འགྲན་རྭ་འདི་ནི་མེ་ཏོག་རྫོང་དུ་མི་11ཡིན་པའི་རྐང་རྩེད་སྤོ་ལོའི་འགྲན་རྭ་ཨང་དང་པོ་དེ་ཡིན་པ་དང་། དེ་ནི་དབང་ཆེན་ནོར་བུའི་བསམ་ཡུལ་ལས་འདས་པའི“ལོ་གསར་གྱི་ལག་རྟགས”ཤིག་ཀྱང་ཡིན་པ་རེད།

    “ཁེར་རྐྱང་གླིང་ཕྲན”ཐོག་གི་རྐང་རྩེད་སྤོ་ལོ།

    གལ་ཏེ་མཁའ་དབྱིངས་ནས་ས་བབ་དེར་འོག་ལྟ་ཞིག་བྱས་ཚེ། མེ་ཏོག་རྫོང་ལ་ཁོད་སྙོམས་པའི་ས་ཆ་ཞིག་གི་སྟེང་སྤོ་ལོའི་ཐང་ཆེན་ཞིག་བསྐྲུན་པར་དཀའ་ངལ་ཇི་ཙམ་ཡོད་མེད་ཤེས་ཐུབ། རྫོང་དེ་ཡོངས་སུ་འཛམ་གླིང་ཐོག་གྲོག་རོང་གཏིང་རིང་ཤོས་ཏེ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོ་ཆགས་ཡོད་ཅིང་། རྫོང་གྲོང་དང་། ཤང་། གྲོང་ཚོ་ཁག་བཅས་གྲོག་རོང་ངོགས་གཉིས་ཀྱི་ལྡེབས་སུ་ཆགས་པ་ནི་གཡང་གཟར་དུ་འཕྱང་འཕྲུལ་དུ་དཔྱངས་པ་དང་ཅི་ནས་ཀྱང་མཚུངས།

    ཤར་དང་། བྱང་། ནུབ་བཅས་ཕྱོགས་གསུམ་པོ་མཚོ་བོད་མཐོ་སྒང་གི་མཐའ་མཚམས་རི་རྒྱུད་ཆེན་པོ་དག་གིས་བཀག་པཔ་མ་ཟད། རི་རུད་སོགས་རང་བྱུང་ས་གཤིས་ཀྱི་གནོད་འཚེ་ཐོན་མང་བས། མེ་ཏོག་རྫོང་ལ་ཡུན་རིང་གཞུང་ལམ་འགག་སྟེ། མཐོ་སྒང་གི་ཤར་ལྷོའི་མཐའ་མཚམས་ཁུལ་གྱི“ཁེར་རྐྱང་གི་གླིང་ཕྲན”ཞིག་ཏུ་གྱུར།

    1127105284_16134773773071n.jpg

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོ་ནི་ཡར་ཀླུང་གཙང་འགྲམ་གྱི་རི་བོའི་སྟེང་གནས་ཡོད། འོན་ཀྱང་། དེ་སྔོན་ཕྱི་རོལ་དང་འབྲེལ་བ་མི་ཐུབ་པའི་ས་ཆ་དེ་འདྲ་ཞིག་གི་ཐོག་རྐང་རྩེད་སྤོ་ལོའི་ཚ་རླབས་ཤིག་འཕྱུར།

    དབང་ཆེན་ནོར་བུའི་ཁྱིམ་ནི་རྫོང་གྲོང་གི་ནུབ་ཏུ་ཡོད་པའི་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོར་ཡོད་ཅིང་། ཁོ་པའི་དྲན་ཚོར་ལ་ཆུང་དུས་ཤོག་བུ་འདྲིལ་བའི་རྐང་རྩེད་སྤོ་ལོ་རྩེད་མྱོང་ལ། སྐབས་རེ་འགྱིག་དམ་གྱིས་སྤོ་ལོའི་ཚབ་ཀྱང་བྱེད་མྱོང་། གྲོང་ཚོའི་སྟོད་ཀྱི་ཐལ་བས་ཁེངས་པའི་ཐང་ཆེན་ཐོག་སྤོ་ལོ་རྩེད་པ་ལས་སྤོ་ལོར་ཤུགས་ཆེན་པོ་རྒྱག་ཐབས་བྲལ། གང་ཡིན་ཟེར་ན་སྤོ་ལོ་རི་གཤམ་དུ་ལྷུངས་བར་དོགས་པས་སོ།

    “མེ་ཏོག་རྫོང་ཆུང་ཆུང་འདིར་རྐང་རྩེད་སྤོ་ལོའི་གཏམ་རྒྱུད་མང་པོ་ཡོད”ཅེས་མེ་ཏོག་རྫོང་རེ་བའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་ངག་དབང་རྣམ་རྒྱལ་གྱིས་བཤད། ཁོང་དེ་སྔ་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭར་རྐང་རྩེད་སྤོ་ལོའི་ཆེད་ལས་ཀྱི་སྦྱོང་བརྡར་བྱེད་མྱོང་ལ། མེ་ཏོག་རྫོང་ལ་རྐང་རྩེད་སྤོ་ལོ་རྒྱག་སྔ་བའི་གྲས་ཤིག་ཡིན།

    1127105284_16134774678081n.jpg

    འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོར་ཡོད་པའི་དབང་ཆེན་ནོར་བུའི་ཁྱིམ་དུ་རང་ཉིད་ལ་ཐོབ་པའི་གཟེངས་བསྟོད་རྟགས་མ་རྣམས་བསྟན་པའི་གནས་ཚུལ་ཡིན་པ།

    “2002ལོར་ང་རང་ལུས་རྩལ་དགེ་རྒན་བྱེད་པར་ལོག་ཡོང་དུས། ལམ་བར་དུ་གངས་རི་བརྒལ་ཞིང་གུར་ཕུབ་ནས་སྡོད་པ་སོགས་ཉིན་4སོང་རྗེས་གཞི་ནས་རྫོང་གྲོང་ལ་འབྱོར་གྱི་ཡོད”སྐབས་དེ་དུས་རྫོང་ཡོངས་སུ་སྤྱིར་རྐང་རྩེད་སྤོ་ལོ་མཐོང་མྱོང་བའི་མི་མེད་པས། ངག་དབང་རྣམ་རྒྱལ་གྱིས་ཉིང་ཁྲི་གྲོང་ཁྱེར་ནས་སྤོ་ལོ་འགའ་ཁྱེར་ཏེ་སློབ་ཕྲུག་ཚོར་རྒྱག་དུ་བཅུག“སྤོ་ལོའི་རྒྱག་སྟངས་མི་སློབ་པར་ཕྲུ་གུ་ཚོ་ཕན་ཚུན་སྤོ་ལོ་འཕྲོག་རེས་བྱེད་དུ་བཅུག་ནའང་རྒྱུག་ཤར་ཁོ་ན་གློད་པ་ལས་སྤྲོ་སྣང་ཆེ་བར་མངོན”ཅེས་ངག་དབང་རྣམ་རྒྱལ་གྱིས་བཤད།

    རིམ་བཞིན་རྐང་རྩེད་སྤོ་ལོ་རྩེད་སྤྲོ་བའི་མི་ཇེ་མང་དུ་ཕྱིན་ཞིང་། ཁོང་ཚོས་སློབ་གྲྭའི་ལུས་རྩལ་ཐང་གི་ས་ཁོད་སྙོམས་པ་དང་། པང་ལེབ་ཀྱིས་བཟོས་པའི་སྤོ་ལོའི་རྒྱལ་སྒོ་གཉིས་བཟོས་ནས་འགྲན་བསྡུར་བྱེད་ཀྱི་ཡོད། ཤང་ནང་གི་གྲོགས་པོ་འགའ་རྫོང་གྲོང་དུ་རྐང་རྩེད་སྤོ་ལོ་རྒྱག་པར་གོམ་བགྲོད་བྱས་ནས་ཆུ་ཚོད་འགའ་ཤས་ཡོང་གི་ཡོད།

    1127105284_16134775186671n.jpg

    འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོའི་དབང་ཆེན་ནོར་བུས་གཅུང་པོ་ཚོར་རང་ཉིད་ཀྱི་རྐང་རྩེད་སྤོ་ལོ་རྒྱག་རྩལ་ངོམས་བཞིན་པའི་གནས་ཚུལ་ཡིན་པ།

    དབང་ཆེན་ནོར་བུ་ཡང་རྐང་ཐང་མར་སྤོ་ལོ་རྒྱག་པར་བསྐྱོད་མྱོང་། སྐབས་དེ་དུས་ཁོང་གིས་ཤང་སློབ་ཆུང་གི་ཚབ་བྱས་ཏེ་རྫོང་གི་འགྲན་བསྡུར་ནང་ཞུགས་ཤིང་། རུ་མི་དང་མཉམ་དུ་ལ་ཆེན་འགའ་ཤས་བརྒྱབ་པ་དང་། ཡམ་ཡོམ་བྱེད་པའི་ལྕགས་ཟམ་བརྒྱུད་ཡར་ཀླུང་གཙང་པོ་གྲོལ་ནས་ཆུ་ཚོད་གསུམ་བཞི་ཙམ་ཕྱིན་རྗེས་གཞི་ནས་རྫོང་ནང་དུ་འབྱོར་གྱི་ཡོད། ཁོ་པའི་རྐང་པར་སྒོར་25སྤྲད་པའི་འགྱིག་ལྷམ་ཆ་གཅིག་གྱོན་ཞིང་། འགྲན་རྭ་དེ་འདྲའི་ཐོག་སྤོ་ལོ་རྒྱག་མྱོང་མེད་པས་རང་ཉིད་འཕུར་བ་ལྟར་གྱི་སྣང་བ་སྦྱིིན། སྤོ་ལོ་རྒྱག་རྩལ་ཤེས་ཀྱི་མེད་ལ་འགོག་སྲུང་ཡང་མི་བྱེད་ཅིང་། རུ་མི་གཞན་གྱི་རང་ཉིད་ལ་སྤོ་ལོ་གཡུག་རྒྱུ་སྒུག་ནས་བསྡད། འོན་ཀྱང་ཁོ་པས་སྤོ་ལོ་གཉིས་བླུགས་ཏེ་ཁོ་པའི་རུ་ཁག་མུ་མཐུད་འགྲན་བསྡུར་ནང་ཞུགས་ཐུབ་པ་བྱུང་།

    འགྲན་བསྡུར་ཚར་རྗེས། རུ་མི་དང་མཉམ་དུ་སྤྲོ་སེམས་ཆེན་པོས་བདེ་ཞིང་ཤང་ལ་ལོག་ཕྱིན་ཞིང་། ལམ་བར་དུ་རི་འདེབས་སུ་མོན་པའི་དམངས་གཞས་ལེན་བཞིན་བསྐྱོད།

    “ཕྱི་རོལ་དང་འབྲེལ་བ་མེད་པའི”ལོ་ཟླ་དེའི་ནང་། རྐང་རྩེད་སྤོ་ལོས་ཁུ་སིམ་ཞིང་འཁྲུག་ཆ་དེ་ཙམ་དོད་པོ་མེད་པའི་མཐའ་མཚམས་གྲོང་ཆུང་དེ་འཚོ་བར་རྩ་ཆེ་བའི་ཡར་བརྩོན་གྱི་སྙིང་སྟོབས་ཤིག་ཁྱེར་ཡོང་བ་རེད།

    1127105284_16134775743921n.jpg

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོའི་ཁྱིམ་དུ་དབང་ཆེན་ནོར་བུས་གཅུང་པོ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བཞིན་པ།

    ལོ་གསར་གོང་གི“ལག་རྟགས”

    ཕྱིས་སུ། རྫོང་ནང་གི་སློབ་གྲྭ་ཆུང་འབྲིང་ལ་སྔ་རྗེས་སུ་མི་ལྔ་ཡི་རྐང་རྩེད་སྤོ་ལོའི་འགྲན་རྭ་བསྐྲུན་པ་དང་། སློབ་གསོ་ཅུས་ནས་ཀྱང་ཉི་འོད་རྐང་རྩེད་རུ་ཁག་ཅེས་པ་བཙུགས་ཏེ་ཁྱབ་སྤེལ་གཏོང་འགོ་ཚུགས། མེ་ཏོག་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་ཐེངས་མང་ཐོབ་ཅིང་། དབང་ཆེན་ནོར་བུ་ཡང་ཧེང་ཏའ་རྐང་རྩེད་སྤོ་ལོའི་སློབ་གྲྭས་བདམས་ཐོན་བྱུང་ཡོད། དེ་དག་གིས་མེ་ཏོག་མི་དམངས་ཀྱིས་རྐང་རྩེད་སྤོ་ལོར་སེམས་ཤུགས་ཆེས་ཆེར་ཕྱིན་ཡོད། མེ་ཏོག་དང་ཕྱི་རོལ་ཡུལ་འབྲེལ་བའི་གཞུང་ལམ་དང་པོ་སྟེ་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་ཡང་2013ལོར་གཞི་ནས་ཤར་གཏོང་ཐུབ་ཡོད་པ་རེད།

    འོན་ཀྱང་མེ་ཏོག་རྫོང་ལ་སྔར་བཞིན་མི་11ཅན་གྱི་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་་ཞིག་མེད།

    1127105284_16134774273931n.jpg

    འདི་ནི་མེ་ཏོག་རྫོང་དུ་གསར་དུ་བསྐྲུན་པའི་མི་11ཅན་གྱི་རྐང་རྩེད་སྤོ་ལོའི་ཐང་ཡིན་པ།

    2019ལོར་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མེ་ཏོག་རྫོང་ལས་དོན་ཚོ་ཆུང་མེ་ཏོག་རྫོང་དུ་འབྱོར་རྗེས། དེ་གར་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་1000ཡས་མས་ལས་མེད་ཅིང་། འགྲན་བསྡུར་རིགས་སྤེལ་ན་འཚམ་པོ་ཡོད་པ་ཤེས། འོན་ཀྱང་རྫོང་དེ་ཡོངས་སུ་སྤྱི་པའི་ལུས་རྩལ་

    བྱེད་སྒོ་སྤེལ་ཡུལ་ཆེ་ཙམ་གཅིག་ཀྱང་མེད་པས། ཁོང་ཚོས་བསམ་ཚུལ་དེ་ས་གནས་དེ་གའི་ལས་བྱེད་དང་གྲོས་བསྡུར་བྱས་ཏེ། མེ་ཏོག་རྫོང་སྤྱི་པའི་ལུས་རྩལ་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་འགོ་འཛུགས་རྒྱུའི་ཐག་གཅད། མི་11ཅན་གྱི་སྤྱི་པའི་རྐང་རྩེད་སྤོ་ལོའི་ཐང་ནི་དུས་ཐེངས་དང་པོའི་རྣམ་

    གྲངས་དེ་ཡིན་ཞིང་། དུས་ཐེངས་གཉིས་པར་སྤྱི་པའི་ཕྱོགས་བསྡུས་ལུས་རྩལ་ཁང་བསྐྲུན་རྒྱུ་དང་། ཆབས་ཅིག་ཆ་ལག་ཚང་བའི་བཙོག་ཆུ་གཙང་སེལ་གྱི་བཟོ་གྲྭ་ཆུང་ངུ་ཞིག་ཀྱང་བསྐྲུན་རྒྱུ་རེད།

    འཛུགས་སྐྲུན་ཁྲོད་འཆར་འགོད་དང་ལས་སྒྲུབ་ཚོགས་པར་སྔར་འཕྲད་མི་མྱོང་བའི་དམིགས་བསལ་གྱི་དཀའ་ངལ་འཕྲད། རི་ལམ་གྱི་གུག་ཆ་ཆེ་བས་རྐང་རྩེད་སྤོ་ལོའི་ཐང་ཆེན་གྱི་གློག་ཤིང་དུམ་བུ་གསུམ་དུ་བཏང་ནས་དབོར་འདྲེན་བྱས་ཀྱང་དཀའ་ངལ་ཆེ་བས། དེ་སྔ་གཏན་ལ་འཁེལ་བའི་གློག་ཤིང་རིང་ཚད་སྨི་30དེ་སྨི་25བར་ཐུང་དུ་གཏོང་དགོས་བྱུང་བ་རེད། ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་གྱི་ཟམ་པའི་ལྗིད་ཚད་ལ་ཚད་བཀག་ཡོད་པས། ལྕགས་རིགས་འགའ་ཤས་དུམ་བུ་ཆུང་བར་བགོས་ཏེ་དབོར་འདྲེན་བྱེད་དགོས་བྱུང་ཡོད། ཨར་སྐྲུན་བྱེད་རིང་། གཞུང་ལམ་ལ་ཆར་ཞོད་དབང་གིས་ས་གཤིས་གནོད་འཚེ་ཐོན་པའི་སྔ་རྗེས་སུ་ཟླ་བ་གཅིག་ལྷག་ཙམ་གཞུང་ལམ་འགག་སྟེ་འཛུགས་སྐྲུན་རྒྱུ་ཆ་ནང་དུ་དབོར་འདྲེན་བྱེད་མི་ཐུབ་པར་ལུས་ཀྱི་ཡོད་པ་རེད།

    “གཞུང་ལམ་དང་དྲ་བ་མེད་ཀྱང་སྙིང་སྟོབས་མི་ཞུམ་པ་དང་། ཆུ་དང་གློག་མེད་ཀྱང་བློ་སྟོབས་མི་ཉམས་པ་ནི་མེ་ཏོག་མི་དམངས་ཀྱིས་ང་ཚོར་བསླབ་པའི་སྙིང་སྟོབས་ཤིག་ཡིན”ཞེས་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ཙུའུ་ཀྲང་ཡེ་མིན་ཅན་གྱིས་བཤད། དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་འགྲན་རྭ་གསར་པ་དེ“ཡར་ཀླུང་གཙང་པོ་བུམ་པའི”འགྲན་བསྡུར་མ་སྤེལ་གོང་བེད་སྤྱོད་གཏོང་འགོ་ཚུགས་རྒྱུ་ཡིན་ལ། མེ་ཏོག་མི་དམངས་ལ་ཕུལ་བའི་དམིགས་བསལ་གྱི“ལོ་གསར་ལག་རྟགས”ཤིག་ཀྱང་ཡིན་པ་རེད།

    རེ་བས་ཁེངས་པའི་གྲོང་ཁྱེར་ཆུང་ཆུང་།

    མཇུག་སྒྲིལ་མ་ཐག་པའི“ཡར་ཀླུང་གཙང་པོ་བུམ་པའི”འགྲན་བསྡུར་ནང་རྐང་རྩེད་སྤོ་ལོའི་རུ་ཁག་18ཞུགས་ཡོད་ཅིང་། བདེ་ཞིང་ཤང་ཁོ་ན་ནས་གྲོང་ཚོ་རིམ་པའི་རྐང་རྩེད་སྤོ་ལོ་རུ་ཁག་4ཞུགས་ཡོད་པ་རེད། རུ་ཁག་གཅིག་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཐུབ་མོད་ཀྱང་མཐར་ཕམ་ཉེས་སུ་སོང་།

    མི་འབོར་14000ལྷག་ཙམ་ལས་མེད་པའི་གྲོང་ཆུང་དེའི་ནང་འགྲན་བསྡུར་སྤེལ་བ་ནི་ལོ་གསར་སྔོན་གྱི་གསར་འགྱུར་ཆེ་ཤོས་ཤིག་རེད། ན་ནིང་། མེ་ཏོག་གི་གཞུང་ལམ་གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པས། ཡུལ་མི་མང་པོ་རླངས་འཁོར་བསྡད་དེ་རྫོང་དུ་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཤུགས་རྒྱག་པར་ཡོང་ཞིང་།  སྤོ་ལོའི་འགྲན་བསྡུར་གྱི་ཆེད་དུ་རྐང་ཐང་མར་ལ་བརྒྱབ་ཀླུང་བརྒལ་བྱེད་པའི་ཉིན་མོ་དག་སྔར་སོང་གི་ལོ་རྒྱུས་སུ་གྱུར་ཟིན།

    1127105284_16134774828721n.jpg

    རི་འདེབས་ཀྱི་གཞུང་ལམ་ནི་མེ་ཏོག་རྫོང་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོར་ཡོད་པའི་དབང་ཆེན་ནོར་བུའི་ཁྱིམ་ཡོད་ས་བར་ཤར་གཏོང་ཐུབ་ཡོད་པ་རེད།

    “མ་འོངས་པར་སྤྱི་པའི་ལུས་རྩལ་ཁང་གི་ཁྱབ་ཁོངས་དེ་རྫོང་གྲོང་གི་བྱེད་སྒོའི་ལྟེ་གནས་གསར་པ་ཞིག་ཏུ་གྱུར་ངེས་ཡིན་པ་མ་ཟད། ཐ་ན་ཉིང་ཁྲི་གྲོང་ཁྱེར་དང་རང་སྐྱོང་ལྗོངས་རིམ་པའི་འགྲན་བསྡུར་ཡང་མེ་ཏོག་ལ་སྤེལ་ནས། བོད་ལྷོ་ཤར་གྱི་ལུས་རྩལ་ཐོན་ལས་དང་ས་མཐོའི་བདེ་སྲུང་ལྟེ་གནས་ཤིག་གཏོད་རྒྱུ་ཡིན”ཞེས་མེ་ཏོག་རྫོང་གི་རྫོང་དཔོན་ཝུའེ་ཁྲང་ཆེ་ཡིས་བཤད།

    དཀའ་ངལ་ཁྱད་བསད་ཀྱིས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བརྟེན་ནས། མི་རབས་ནས་མི་རབས་བར“ས་མཐོའི་ཁེར་གྲོང”འཛུགས་སྐྲུན་བྱེད་མཁན་གྱིས་མེ་ཏོག་རྫོང་སྲ་ཞིང་བརྟན་པའི་འཕེལ་རྒྱས་ཀྱི་རྨང་གཞི་བཏིང་ཡོད། མ་འོངས་པར་ཡུལ་ལྗོངས་ལྟ་ན་སྡུག་པའི་མཐའ་མཚམས་ཀྱི་གྲོང་ཆུང་དེས། གྲོང་མི་ཚོར་དེ་བས་མང་བའི་བདེ་སྐྱིད་ཀྱི་ཚོར་སྣང་དང་། ཐོབ་སྣང་། དེ་བས་ཕུན་སུམ་ཚོགས་པའི་འཚོ་བའི་གདམ་ག་ཞིག་ཕལ་ཆེར་སྦྱིན་སྲིད།

    1127105284_16134774493871n.jpg

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོར་ཡོད་པའི་དབང་ཆེན་ནོར་བུའི་ཁྱིམ་དུ་ནང་མི་དང་མཉམ་དུ་དྲན་རྟེན་པར་བླངས་པ།

    ལོ་གསར་བཏང་ཚར་རྗེས་དབང་ཆེན་ནོར་བུ་ཀོང་ཏུང་དུ་ཕྱིར་ལོག་བྱས། ཁོང་རྐང་རྩེད་སྤོ་ལོའི་བྱ་གཞག་གི་འགག་རྩའི་དུས་མཚམས་སུ་སླེབས་ཤིང་། ཁོང་གི་རེ་བར་རང་ཉིད་ལས་རིགས་སྤོ་ལོ་རྒྱག་མཁན་ཞིག་བྱེད་འདོད་པ་དང་། གལ་སྲིད་མངོན་འགྱུར་མ་བྱུང་ནའང་མེ་ཏོག་རྫོང་ལ་ལོག་ཏེ་རྐང་རྩེད་སྤོ་ལོའི་དགེ་རྒན་ཞིག་བྱེད་འདོད།

    “ལས་རིགས་སྤོ་ལོ་མཁན་ཞིག་གསོ་སྐྱོང་བྱེད་མི་ཐུབ་ཀྱང་། ངའི་གཅུང་པོའི་ན་མཉམ་པའི་བྱིས་པ་ཚོ་རང་ཁྱིམ་གྱི་སྒོ་ཁ་ནས་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་ཐུབ་ནའང་ཡག་པོ་དཔེ་མི་སྲིད་པ་རེད”ཅེས་དབང་ཆེན་ནོར་བུས་བཤད།

    བསོད་ནམས་དབང་འདུས་ཀྱིས་སྒྱུར། ཚེ་རིང་ཆོས་སྒྲོན་གྱིས་ཞུས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།