བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་དང་པོ་ཚེ་དབང་འགྱུར་མེད་དང“དེང་གི་འུན་ཤིང་ཀོང་ཇོ”ཀྲང་ཐིང་ཧྥང་གི་ལྷད་མེད་བརྩེ་དུང་།
1972ལོར་པེ་ཅིང་ནས་ཡོང་བའི་རྒྱ་རིགས་བུ་མོ་ཀྲང་ཐིང་ཧྥང་གིས་འུན་ཤིང་ཀོང་ཇོ་དང་སྤྱིར་གཅིག་མཚུངས་ཀྱི་ལམ་ཐིག་བརྒྱུད་ནས་བོད་དུ་ཡོང་ནས་དེ་གར་གཞིས་ཆགས་ཏེ་སློབ་ཁྲིད་ལས་ལ་གཞོལ། ཁོང་བོད་དུ་གཞི་ཚུགས་དོན་ཡང་བརྩེ་དུང་དོན་དུ་ཡིན་ཞེས་བཤད། ཉེ་དུས《རྒྱལ་ཁབ་གཅེས་ནོར》ཞེས་པའི་གར་སྟེགས་ཐོག“དེང་གི་འུན་ཤིང་ཀོང་ཇོའི” གཏམ་རྒྱུད་ཀྱིས་གཟིགས་མོ་བ་མང་པོའི་མིག་ལ་མཆི་ཞག་འཁོར།
བརྩེ་དུང་དོན་དུ་བོད་དུ་རྒྱང་སྐྱོད་བྱས།
1965ལོར་བོད་རིགས་ཀྱི་ཕོ་གསར་ཚེ་དབང་འགྱུར་མེད་དང་པེ་ཅིང་གི་བུ་མོ་ཀྲང་ཐིང་ཧྥང་གཉིས་པེ་ཅིང་དགེ་འོས་སློབ་ཆེན་དུ་ཚུད། ལོ་གཉིས་རྗེས་ལ་ཁོང་གཉིས་ཕན་ཚུན་ངོ་ཤེས། གླིང་བུ་གཏོང་ཤེས་པ་དང་། གླུ་གཏོང་ཤེས་པ། སྤྱི་སྐད་ལེགས་པོ་ཞིག་ཤོད་ཤེས་པ་སོགས་འཚོ་བར་ཤིན་ཏུ་ནས་དགའ་ཞེན་ཆེ་ཞེས་ལོ་53འདས་ཟིན་ནའང་ཀྲང་ཐིང་ཧྥང་གིས་རང་གི་ཁྱོ་གའི་སྐོར་གླེང་དུས་མིག་ཟུང་ནས་དམན་ཆུང་བུ་མོའི་དགའ་སྣང་དང་དད་མོས་ཀྱི་ཚོར་བ་ཞིག་མངོན།
མདུན་ངོས་གཡོན་གྱི་གཉིས་པ་ནི་ཚེ་དབང་འགྱུར་མེད་ཡིན་པ།
1971ལོར་ཚེ་དབང་འགྱུར་མེད་ཀྱིས་ཀྲང་ཐིང་ཧྥང་དང་དགའ་རོགས་བསྒྲིག་རྒྱུའི་རེ་བ་བཏོན་ཅིང་། ཀྲང་ཐིང་ཧྥང་ནི་ཁྱིམ་གྱི་བུ་མོ་གཅིག་པུ་དེ་ཡིན་པ་ཤེས་དུས་ཚེ་དབང་འགྱུར་མེད་ཀྱིས་བཏོན་པའི་རེ་བ་དེ་རང་ཤེད་ཚ་དྲག་པའི་ཚོར་བ་ཞིག་སྐྱེས། “བོད་ལ་སློབ་གྲྭ་ཆེན་མོ་ཐོན་པའི་སློབ་མ་རེ་གཉིས་ལས་མེད་ཙང་། ང་སྤྱིར་བཏང་བོད་ལ་ལོག་དགོས་རེད”ཅེས་ཚེ་དབང་འགྱུར་མེད་ཀྱིས་ཀྲང་ཐིང་ཧྥང་ལ་སློབ་གྲྭ་ཐོན་རྗེས་ཀྱི་བསམ་ཚུལ་བཤད།
ཚེ་དབང་འགྱུར་མེད་ཀྱི་ལྷད་མེད་དང་། ཡ་རབས། འཇོན་ཐང་སོགས་ཀྱིས་ཀྲང་ཐིང་ཧྥང་ཁོང་དང་ལག་གདང་དཔུང་སྦྲེལ་ངང་མི་ཚེ་བསྐྱལ་རྒྱུའི་སེམས་ཐག་གཅད། 1971ལོའི་ཟླ་12ཚེས་31ཉིན་ཁོང་གཉིས་སློབ་ཁང་ཞིག་གི་ནང་དུ་གཉེན་སྒྲིག་གི་རྟེན་འབྲེལ་བྱས།
གཉིན་སྒྲིག་བྱས་རྗེས་ཁོང་གཉིས་ཀྱིས་རང་འགུལ་ངང་སྙན་ཞུ་བྲིས་ཏེ་བོད་དུ་ལས་ཀ་བྱེད་དུ་བསྐྱོད་རྒྱུའི་རེ་བ་བཏོན། ཁོང་གཉིས་ལ་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད་པ་ནི་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུ་དེ་རེད། མ་གཞི་ཀྲང་ཐིང་ཧྥང་གི་ཕ་མ་གཉིས་པོས་རང་གི་བུ་མོ་དང་ཁ་བྲལ་མི་འདོད་ཀྱང་བུ་མོའི་ཐག་གཅོད་ལ་བརྩི་འཇོག་བྱས།
འདི་ནི་སློབ་གྲྭ་ཐོན་ཁར་པེ་ཅིང་དགེ་འོས་སློབ་གྲྭ་ཆེན་མོའི་སྒོ་ཁར་བརྒྱབ་པའི་མཉམ་པར་ཡིན་པ།
ཉིན་15ཕྱིན་རྗེས་བོད་དུ་སླེབས། ལམ་ཐག་དེ་ནི་བསམ་པའི་ཡུལ་ལས་འགྲོ་སྐྱོད་དཀའ།
སྐབས་དེ་དུས་བོད་དུ་བསྐྱོད་པར་ དཀའ་ཚེགས་ཤིན་ཏུ་ཆེ། པེ་ཅིང་ནས་ལྷ་ས་བར་དུ་མེ་འཁོར་བསྡད་རྗེས་ད་དུང་རླངས་འཁོར་བསྡད་ནས་ཉིན་15བསྐྱོད། ལ་དུག་ཕོག་ནས་ཀྲང་ཐིང་ཧྥང་ཟ་མ་ཟ་མི་ཐུབ་ཁར་ཐ་ན་ཉལ་ཡང་ཉལ་མི་ཐུབ་པར་གྱུར།
ཀྲང་ཐིང་ཧྥང་དང་ཚེ་དབང་འགྱུར་མེད་བོད་དུ་ཡོང་བའི་ལམ་ཐིག
རླངས་འཁོར་གཞི་ནས་ལྷ་སར་འབྱོར་གྲབས་ཡོད་དུས་ས་བབ་རྒྱ་མཚོའི་ངོས་ལས་རྨི་3000ལྷག་ཙམ་བར་དམའ་རུ་ཕྱིན། ཁ་ལོ་བས་འགྲུལ་པ་ཚོ་རླངས་འཁོར་ནས་མར་བབས་ཏེ་ངོ་གདོང་འཁྲུད་དུ་བཅུག ཀྲང་ཐིང་ཧྥང་རྒྱུག་ཆུ་ཞིག་གི་འགྲམ་དུ་བསྡད་ཅིང་། ཚེ་དབང་འགྱུར་མེད་ཀྱིས་གཤམ་གྱི་པར་དེ་བརྒྱབ། དཀའ་བ་ཁྱད་དུ་བསད་ན། འབྲས་བཟང་མཇུག་ཏུ་སྨིན། ན་ཆུང་བུ་མོའི་མིག་ལམ་དུ་འདུན་པས་ཁེངས།
“པེ་ཅིང་བུ་མོ་དེའི་སྐད་སྙན་པོ་འདུག་ཀྱང་གང་ཟེར་མིན་ང་ཚོས་ཧ་གོ་མ་སོང”
བོད་དུ་སླེབས་རྗེས་ཁོང་གཉིས་བོད་རང་སྐྱོང་ལྗོངས་དགེ་འོས་སློབ་གྲྭའི་དགེ་རྒན་བྱ་རྒྱུའི་ལས་བགོས་བརྒྱབ། ཀྲང་ཐིང་ཧྥང་ནི་རྒྱ་ཡིག་སློབ་དཔྱོད་ཙུའུ་དང་ཚེ་དབང་འགྱུར་མེད་ནི་བོད་ཡིག་སློབ་དཔྱོད་ཙུའུ་རུ་བཞག
སློབ་ཚན་གྲ་སྒྲིག་བྱེད་བཞིན་པའི་ཀྲང་ཐིང་ཧྥང་།
སྐབས་དེ་དུས་ཀྱི་སློབ་གྲྭའི་ནང་དུ་སློབ་མ་ཕལ་ཆེ་བ་ནི་བོད་རིགས་ཡིན་པས་བོད་ཡིག་མ་གཏོགས་རྒྱ་སྐད་མི་ཤེས། དང་ཐོག་སློབ་མས་གང་ཟེར་མིན་ཀྲང་ཐིང་ཧྥང་གིས་ཧ་མི་གོ་ལ་སློབ་ཚན་ཉན་མཁན་གྱི་སློབ་མས་ཀྱང་དགེ་རྒན་གྱིས་གང་གསུངས་ཡོད་མེད་མི་ཤེས་སྟབས། སློབ་མ་ཚོས“པེ་ཅིང་བུ་མོ་དེའི་སྐད་སྙན་པོ་འདུག་འོན་ཀྱང་གང་ཟེར་མིན་ང་ཚོས་ཧ་གོ་ཡི་མི་འདུག”ཅེས་ཤོད་ཀྱི་ཡོད་པ་རེད།
ཀྲང་ཐིང་ཧྥང་དང་ཚེ་དབང་འགྱུར་མེད་ཀྱིས་ཐག་གཅོད་བྱེད་པའི་ཐབས་ཤེས་ཞིག་གྲོས་བསྡུར་བྱས། ཚེ་དབང་འགྱུར་མེད་ཀྱིས་མིང་ཚིག་རྣམས་བོད་ཡིག་ལ་བསྒྱུར་ཅིང་ཀྲང་ཐིང་ཧྥང་གིས་སློབ་ཁྲིད་བྱེད་སྐབས་སློབ་མར་ནག་པང་ཐོག་བོད་ཡིག་དག་བཤུ་རུ་འཇུག་གི་ཡོད། ཁོང་གཉིས་ཀྱིས་ད་དུང་རྒྱ་ཡིག་གི་སྒྲ་སྦྱོར་དང་། རྒྱ་ཡིག བོད་ཡིག་བཅས་གསུམ་ཤན་སྦྱར་གྱི《རྒྱ་སྐད་ཡིག》བསླབ་གཞི་རྩོམ་སྒྲིག་བྱས་པས་སློབ་མའི་རྒྱ་ཡིག་ཆུ་ཚད་གཞི་ནས་ག་ལེར་གོང་མཐོར་ཕྱིན།
ཁྱོ་ག་ཧྲའན་ཤི་ཞན་ཡང་དུ་ལས་འཁྱུར་བྱས་ནའང་། ད་རེས་ཀྲང་ཐིང་ཧྥང་མཉམ་དུ་ཕྱིན་མེད།
1983ལོར་ཀྲང་ཐིང་ཧྥང་དང་ཚེ་དབང་འགྱུར་མེད་ལ་ལས་འགན་གསར་པ་ཞིག་བསྒྲུབ་དགོས་པ་སྟེ། མཚོ་བོད་ས་མཐོའི་ཐོག་གི་སློབ་ཆེན་ཨང་དང་པོ་སྟེ་བོད་ལྗོངས་སློབ་ཆེན་གྱི་གྲབས་འཛུགས་ནང་ཞུགས་དགོསཔ་དེ་རེད། སྐབས་དེ་དུས་ཆ་རྐྱེན་ཞན་ཁར་དཀའ་ཁག་ཤིན་ཏུ་མང་བས་ཚེ་དབང་འགྱུར་མེད་ལགས་གཉིད་བཅག་ཟས་བརྗེད་ཀྱིས་ལས་ཀ་བྱེད་དགོས་ཀྱི་ཡོད། 1985ལོར་བོད་ལྗོངས་སློབ་ཆེན་དབུ་བརྙེས། ལོ་40སླེབས་པའི་ཚེ་དབང་འགྱུར་མེད་ཀྱིས་བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་ཐོག་མ་དེའི་འགན་འཁུར། ཀྲང་ཐིང་ཧྥང་གིས་རྒྱ་ཡིག་ཚན་ཁག་གི་ཀྲུའུ་རིན་གཞོན་པའི་འགན་འཁུར། “དེ་ནི་བོད་རང་དུ་བཙུགས་པའི་མཐོ་རིམ་སློབ་གྲྭ་ཨང་དང་པོ་དེ་ཡིན་ཞིང་། དེས་འཛམ་གླིང་ལ་ས་ཆ་དེ་གར་སློབ་གྲྭ་ཆེན་མོ་བཙུགས་ཐུབ་པ་ཁྱབ་བསྒྲགས་བྱས་པ་རེད”ཅེས་ཀྲང་ཐིང་ཧྥང་གིས་སྤོབས་སེམས་ཆེན་པོས་བཤད།
འདི་ནི་1988ལོར་ཀྲང་ཐིང་ཧྥང་དང་ཚེ་དབང་འགྱུར་མེད་གཉིས་བོད་ལྗོངས་སློབ་ཆེན་གྱི་ཉལ་ཁང་ཕྱིར་བླངས་པའི་མཉམ་པར་ཡིན་པ།
1992ལོར་ཚེ་དབང་འགྱུར་མེད་བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་སྤྱིའི་འགན་འཁུར་ཞིང་སློབ་གྲྭ་ནི་ཧྲའན་ཤི་ཞན་ཡང་དུ་ཡོད། ཐེངས་འདིར་ཀྲང་ཐིང་ཧྥང་ཚེ་དབང་འགྱུར་མེད་དང་མཉམ་དུ་ཕྱིན་མེད་ཅིང་། ཐེངས་དེར་ལོ་6ཏག་ཏག་ཁ་བྲལ་དགོས་བྱུང་བ་རེད།
ཀྲང་ཐིང་ཧྥང་གིས“ང་རང་བོད་དུ་སླེབས་ནས་རང་ཉིད་ཀྱི་ཕ་མར་སྲི་ཞུ་བསྒྲུབ་ཐུབ་མ་སོང་། འོན་ཀྱང་ངེད་གཉིས་ཀའི་ཕ་མར་སྲི་ཞུ་བསྒྲུབ་རྒྱུ་མི་ཁོམ་པ་མི་བྱེད་པར། ང་རང་ལྷ་སར་བསྡད་ནས་དགུང་ལོ་70ཕེབས་པའི་ཚེ་དབང་འགྱུར་མེད་ཀྱི་ཨ་མ་རྒན་མོར་ལྟ་རྟོག་བྱ་རྒྱུ་ཐག་བཅད་པ་ཡིན་ལ། ངའི་བསམ་པར་ང་རང་ལྷ་སར་བསྡད་ན་ཚེ་དབང་ཁོང་ཡང་གཏན་གཏན་ལོག་ཕེབས་ངེས་རེད་བསམ་བྱུང”ཞེས་བཤད།
1983ལོའི་ཀྲང་ཐིང་ཧྥང་ཁྱོ་ཤུག་དང་བུ་གཉིས་པོ།
བྲལ་ཐེངས་གཅིག་གིས་ཚེ་གང་གི་བློ་ཕམ་དུ་འགྱུར།
2006ལོར་ཁོང་གཉིས་ཀ་ལས་འཁྱུར་ངལ་གསོའི་དུས་ལ་སླེབས། ལས་འཁྱུར་ངལ་གསོ་བརྒྱབ་རྗེས་ཚེ་དབང་འགྱུར་མེད་ཀྱིས་སེམས་ནུས་ཡོད་ཚད་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་མྱུར་སྐྱོབ་དང་སྲུང་སྐྱོང་གི་ལས་དོན་ཐོག་བཞག ལོ་7ལྷག་ཙམ་བརྒྱུད་ཏ་ལའི་ལོ་མའི་དཔེ་ཆའི་སྤྱིའི་དཀར་ཆག་དང་པར་ལེན་ཆ་ཚང་རྩོམ་སྒྲིག་གནང་ཞིང་། འབྲེལ་ཡོད་ཀྱི་སྲུང་སྐྱོབ་ཁྲིམས་ལུགས་ཁྲིམས་སྲོལ་བཟོ་བའི་ལས་ཀའི་ནང་ཞུགས་པ་སོགས་ཚེ་དབང་འགྱུར་མེད་ལ་རིག་གཞུང་ལས་རིགས་ཀྱིས“བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆའི་སྣེ་ཁྲིད་པ”ཞེས་ཀྱང་ཟེར་གྱི་ཡོད།
ཚེ་དབང་འགྱུར་མེད་ཀྱིས་ཏ་ལའི་ལོ་མའི་དཔེ་ཆའི་རྟོག་ཞིབ་ལས་དོན་སྤེལ་བཞིན་པ།
མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཁོང་གཉིས་པོས་ལས་འཁྱུར་ངལ་གསོ་བརྒྱབ་ནས་མེ་འཁོར་བསྡད་དེ་སྐབས་དེ་དུས་བོད་དུ་ཡོང་བའི་ལམ་ཐིག་ཐོག་སླར་ཡང་འགྲོ་རྒྱུའི་ཁ་ཆད་བྱས། ཁོང་གཉིས་ལ་ད་དུང་བསམ་འདུན་མང་པོ་ཡོད་པ་སྟེ་མཉམ་དུ་པེ་ཅིང་གྲོང་དུ་ལྟ་བར་བསྐྱོད་རྒྱུ་དང་མཉམ་དུ་ཧའེ་ནན་དུ་ཐེངས་གཅིག་བསྐྱོད་རྒྱུ་སོགས་རེད།
འོན་ཀྱང་བསམ་འདུན་དེ་དག་མཐར་བློ་ཕམ་དུ་འགྱུར།
2013ལོའི་ཟླ་10པར་ཏ་ལའི་ལོ་མའི་དཔེ་ཆའི་འབྲེལ་ཡོད་ལས་དོན་བསྒྲུབས་ཚར་རྗེས། ཚེ་དབང་འགྱུར་མེད་དང་ཀྲང་ཐིང་ཧྥང་རྣམ་གཉིས་ལ་གཞི་ནས་ཁོ་གཉིས་ལ་དབང་བའི་དུས་ཚོད་བྱུང་ཡོད། བསམ་ཡུལ་ལས་འདས་པར། 2014ལོའི་ལོ་འགོར་ཚེ་དབང་འགྱུར་མེད་ལ་འབྲས་སྐྲན་ནད་ལྕི་པོ་ཕོག་པ་ཤེས་ཤིང་། ལོ་དེའི་ཟླ་12ཚེས་5ཉིན་ཁོང་མི་ཡུལ་ནས་ཁ་བྲལ།
སྨན་ཁང་དུ་ཚེ་དབང་འགྱུར་མེད་ཀྱིས་མཐའ་མཇུག་ཏུ་སྨན་པར“ངའི་མི་ཚེ་འདིའི་བྱ་གཞག་དང་ཁྱིམ་ཚང་ཚང་མ་ལམ་ལྷོངས་བྱུང་སོང་བས་བློ་ཕམ་བྱེད་དགོས་པ་གང་ཡང་མེད། ཁྱེད་ཀྱིས་བློ་བདེ་པོས་ང་ལ་སྨན་བཅོས་བྱེད་པ་ལས་གནོན་ཤུགས་གང་ཡང་མི་དགོས”ཞེས་བཤད།
ཚེ་དབང་འགྱུར་མེད་གྲོངས་ཁའི་མཚམས་སུ་ཀྲང་ཐིང་ཧྥང་གིས་སྨན་པར་སྨན་བཅོས་བྱེད་མཚམས་བཞག་ཏུ་བཅུག་ནས་རང་ཉིད་ཀྱིས་ཁོང་གི་ངོ་གདོང་ཐོག་གི་གསོ་རླུང་ངོ་ཁེབས་མར་བཤུས། ཚེ་སྲོག་རྒྱུན་སྲིང་ཐུབ་པའི་སྨན་བཅོས་ཀྱི་ཡོ་བྱད་དེ་དག་གིས་ཚེ་དབང་འགྱུར་མེད་ཀྱི་ངོ་གདོང་ལ་ཤུལ་གསལ་པོར་མངོན། ཀྲང་ཐིང་ཧྥང་གིས་ཨ་ཅོར་རློན་པ་ཞིག་གིས་རང་གི་ཁྱོ་གའི་ངོ་གདོང་དང་། རྣ། ལག་པ་སོགས་གཙང་མར་ཕྱིས། “ང་དང་བུས་ཁོང་གི་ལག་ཟུང་འཇུས་ནས་བསྡད་ཅིང་། ཆུ་ཚོད་གསུམ་པའི་ཐོག་ཁོང་གི་དབུགས་ཀྱི་རྒྱུ་བ་ཆད་སོང”ཞེས་བཤད།
ཚེ་དབང་འགྱུར་མེད་གྲོངས་རྗེས་ཀྲང་ཐིང་ཧྥང་མེ་འཁོར་བསྡད་དེ་སླར་ཡང་བོད་དུ་བསྐྱོད་རྒྱུར་སེམས་ཐག་མི་ཆོད་པར་ལུས། 2020ལོའི་ཟླ་9པར་ཁོང《རྒྱལ་ཁབ་གཅེས་ནོར》གྱི་པར་ལེན་ཚོ་ཆུང་དང་མཉམ་དུ་མཚོ་སྔོན་ཟི་ལིང་ནས་ཐོན་ཏེ་མེ་འཁོར་བསྡད་དེ་ལྷ་སར་བསྐྱོད་པ་དེས་རྒྱུན་རིང་རེ་སྒུག་བྱས་པའི་བསམ་འདུན་དེ་མངོན་འགྱུར་ཐུབ་ཡོད།
མེ་འཁོར་ས་མཐོའི་ཐོག་འཕུར་བ་ལྟར་རྒྱུག་ཀྱང་རང་ཉིད་ཀྱི་བརྩེ་གྲོགས་ནི་སྔ་ས་ནས་འཇིག་རྟེན་ཕ་རོལ་དུ་སོང་ཟིན་པས། ཀྲང་ཐིང་ཧྥང་གི་མིག་ནས་རང་དབང་མེད་པར་མཆི་མ་ཤོར།
དེང་སང་ཀྲང་ཐིང་ཧྥང་གི་སྐད་འཕྲིན་མགོ་པར་ནི་མེ་ཏོག་གཉིས་ཡིན་ཞིང་། དེ་ནི་ཚེ་དབང་འགྱུར་མེད་གྲོངས་ནས་ཉིན་100སོང་བའི་ཉིན་དེར་ཀྲང་ཐིང་ཧྥང་གིས་རང་གི་ཁྱོ་གར་ཕུལ་བའི་མེ་ཏོག་ཡིན། འགྱུར་མེད་བརྩེ་སེམས་ཟབ་མོ།། མེ་ཏོག་ཆུན་པོས་མཚོན་ཡོད།།
དུས་རབས་ཕྱེད་ཙམ་གྱི་གོང་། དམན་ཆུང་བུ་མོ་ཞིག་ལ་བརྒྱབ་ཀླུང་བརྒལ་བྱེད་དོན་ནི་བརྩེ་དུང་གི་ཆེད་དུ་ཡིན་ཞིང་། ལོ་1300ལྷག་ཙམ་གྱི་གོང་ན་དམན་ཆུང་བུ་མོ་གཞན་ཞིག་ཀྱང་ལ་ཀླུང་མང་པོ་བརྒྱབ་དོན་ནི་མི་རིགས་ཀྱི་ཕུགས་འདུན་ཟབ་མོའི་ཆེད་དུ་ཡིན། ཕལ་ཆེར་ལས་འབྲེལ་མི་གཅིག་ཀྱང་དམིགས་ཡུལ་ནི་གཅིག་མཚུངས་མ་ཡིན་ཅི་ལ་སྲིད།
《རྒྱལ་ཁབ་གཅེས་ནོར》གྱི་གར་སྟེགས་ཐོག་ཀྲང་ཐིང་ཧྥང་གདན་འདྲེན་ཞུས་ཏེ་ཆོས་རྒྱལ་སྒྲུབ་ཕུག་གི་འུན་ཤིང་ཀོང་ཇོའི་འཇིམ་སྐུའི་སྲུང་སྐྱོང་མཁན་དུ་གྱུར། “ལོ་རྒྱུས་སྲུང་སྐྱོང་དང་། བརྩེ་བ་མཚོ་ལས་ཟབ་པ་སྲུང་སྐྱོང་བྱེད”གར་སྟེགས་ཐོག་ཁོང་གི་མིག་ཟུང་ལས་དེ་སྔ་ལྟར་བརྟན་པར་མངོན།
བསོད་ནམས་དབང་འདུས་ཀྱིས་སྒྱུར། ཚེ་རིང་ཆོས་སྒྲོན་གྱིས་ཞུས།
འགན་འཁུར་རྩོམ་སྒྲིག་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣