ཁོང་ཚོ་ནི་སློབ་གྲྭའི་པད་མའི་དགའ་ཚལ་དུ་ཤེས་རིག་གི་སྦྲང་རྩི་འཐུ་རོགས་རེད།
ཁོང་ཚོའི་སྐྱེ་ས་འཚར་ས་ཐ་དད་ཡིན་རུང་།
ཁོང་ཚོའི་ཡིད་ཀྱི་ཞིང་ས་གཤིན་པོར།
ཕུགས་འདུན་དང་རྨི་ལམ་གཅིག་པའི་ལས་གཏོད་ཀྱི་མེ་ཏོག་བཞད།
ཁོང་ཚོ་ནི་ཁོང་ཚོ་སྟེ།
2015ལོར་ལྷ་ས་དགེ་འོས་སློབ་ཆེན་ནས་ཐོན་རྗེས།
ལས་གཏོད་ཀྱི་ཕུགས་འདུན་དྲོན་མོ་སྙིང་ཁར་རུམ་ནས།
བོད་ལྗོངས་གཙོད་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་འཛུགས་མཁན་རེད།
གཟུགས་པོ་རིང་ལ་གྲུང་ཤ་དོད་པའི་ཀུང་སིའི་སྤྱིའི་འགན་ཁུར་བ་གཞིས་རྩེ་བ་ཚེ་རིང་དོན་གྲུབ་དང་།
སྨྲ་བ་མང་པོ་མེད་ཀྱང་པར་ལེན་དང་བརྙན་ལེན་གྱི་ལག་རྩལ་ལ་ནང་བྱན་ཆུད་པའི་ནག་ཆུ་བ་བཀྲ་ཤིས་རྣམ་རྒྱལ།
དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་ཏུ་མ་བཏང་བར་ཕར་རྒྱུག་ཚུར་རྒྱུག་ལ་གོམས་པའི་ལྷོ་ཁ་བ་ཡེ་ཤེས་བློ་གྲོས།
གཅིག་ལས་གཅིག་བློ་གཤོག་ཆེ་ཞིང་སྙིང་རུས་དང་ངར་ཤུགས་ཀྱིས་ཕྱུག་པའི་ན་གཞོན་ལས་གཏོད་པ།
ཁྱེད་ཚོའི་ལུས་ཐོག་ནས་ང་ཚོས་ལང་ཚོ་ཡི་བཀྲག་མདངས་མཐོང་ཞིང་།
མི་ཚེའི་རིན་ཐང་མངོན་འགྱུར་བྱེད་ཕོད་པའི་བློ་སྟོབས་མཐོང་བྱུང་།
ལས་གཏོད་ཀྱི་ལམ་བུར་རྨང་གཞི་འདིང་ཆེད།
ཁྱེད་ཚོས་སློབ་ཆེན་ནས་ཐོན་མ་ཐག་འཕྲལ་མ་ཉིད་དུ་ལས་གཏོད་ཀྱི་དབུ་མ་བརྩམས་པར།
རང་གིས་སྦྱངས་པའི་ཆེད་ལས་ཤེས་བྱ་དེ་ལག་ལེན་དངོས་ནང་དོན་འཁྱོལ་བྱ་ཆེད།
ལས་བགོས་བྱས་ནས་ཉིན་མོ་ཀུང་སི་ཁག་ཏུ་པར་ལེན་དང་བརྙན་ཐུང་སྒྲིག་བཟོའི་ལས་ལ་ཞུགས་ཤིང་།
མཚན་མོ་གུ་དོག་པའི་ཁང་ཆུང་གྲུ་བཞིའི་ནང་དུ་ལྷན་དུ་འཛོམས་ནས།
རང་རང་གི་ལས་ཀའི་ཉམས་མྱོང་སྤེལ་རེས་དང་ཁོང་དུ་ཆུད་པའི་ལག་རྩལ་ཕར་བསླབ་ཚུར་བསླབ་བྱེད།
མ་གཞི་བྱས་ན། ཁྱེད་ཚོས་ཀྱང་རང་གི་སློབ་གྲོགས་གཞན་དང་འདྲ་བར་གཞུང་ཞབས་པའི་ཡིག་རྒྱུགས་ལ་ཞུགས་ནས།
གཟེངས་སུ་མཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་གཞུང་གི་ལས་གནས་ཐོག་མི་ཚེའི་ཁ་ལོ་སྒྱུར་ཆོག་མོད།
སློབ་ཆེན་གྱི་སྐབས་སུ་སྦྱངས་པའི་ཆེད་ལས་ཀྱི་ཤེས་བྱ་དང་། རང་རང་གི་དགའ་མོས་དེ་བློས་མ་ཐོངས་པས།
ཁྱེད་ཚོས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཐུན་མོང་གི་ཕུགས་འདུན་མངོན་འགྱུར་ཆེད་ལས་གཏོད་ཀྱི་ལམ་བུར་ཞུགས།
ལས་གཏོད་ཀྱི་ཐོག་མའི་སྐབས་སུ།
ཁྱེད་ཚོར་ངོ་དྲག་པའི་སྒྲིག་ཆས་གང་ཡང་མེད་ལ།
ཁང་གླ་གཡར་ཏེ་ས་མཐིལ་ཐོག་ས་གདན་བཏིང་ནས་སྡོད་དགོས་བྱུང་ཡང་།
ཁྱེད་ཚོས་ཀུང་སི་ཁག་ཏུ་ལས་ཀར་སོང་བའི་ཡོང་འབབ་ཕྲན་བུས།
ཕ་མ་སྤུན་མཆེད་རྣམས་ལ་དྲིན་ལན་གྱི་ཚུལ་དུ་སྲི་ཞུ་ཞབས་ཏོག་སྒྲུབ་ཁོམ་མ་བྱུང་ལ།
རང་ཉིད་ཀྱི་བློ་ལ་བབས་པའི་གྱོན་ཆས་རེ་ཟུང་ཡང་ཉོ་མ་ཕོད་མོད།
ཁྱེད་ཚོས་དཀའ་བ་དང་རྔུལ་ཆུས་བླུས་པའི་ཡོང་འབབ་ཕྲན་བུས།
ལས་གཏོད་ལ་མཁོ་བའི་པར་ལེན་གྱི་ཡོ་བྱད་དང་སྒྲིག་ཆས་སྣ་ཁ་རེ་རེ་ཉོས་ཏེ།
ལས་གཏོད་ཀྱི་རྩིག་རྨང་སྲ་ཞིང་བརྟན་པར་བཞེངས།
ཀུང་སི་ཐོག་མར་འཛུགས་དུས།
སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པ་དང་།
མ་དངུལ་གྱི་དཀའ་ལས་མི་ཉུང་བ་འཕྲད་ཀྱང་།
ཁྱེད་ཚོས་དཀའ་བ་མཐའ་དག་ཟས་སུ་བསྒོམས་ནས་ཁོག་ཏུ་མིད་པའི་དྲིན་གྱིས།
སྔོན་ཆད་ཡོང་འབབ་ཅི་ཡང་མེད་པའི་ཁྱེད་རྣམས་ལ།
ད་ལྟ་ལོ་རེར་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད།
ཀུང་སིའི་པར་ལེན་གྱི་སྒྲིག་ཆས་སོགས་ཆ་ཚང་ལ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས།
རང་ཉིད་ཀྱི་དགོས་མཁོ་སྐོང་བ་ཙམ་མིན་པར་གཞན་ལ་གཡར་སའི་སྟེགས་བུ་གསར་སྐྲུན་བྱས་ཡོད་ལ།
དེ་བས་ཀྱང་། ཁྱེད་ཚོས་རང་ཉིད་ཀྱི་མི་ཚེའི་ལམ་བུར་ངོ་མཚར་གྱི་ཟིན་ཐོ་བཏོད་པའི་ཞོར་ལ།
སློབ་ཆེན་སློབ་ཐོན་སློབ་མ་བཅུ་གྲངས་ཤིག་ལ་ལས་གནས་མཁོ་འདོན་བགྱིས་ཏེ།
ཕ་རོལ་ལ་ལག་རྩལ་བསླབས་པ་དང་སྦྲགས་མི་ཚེའི་ཁ་ཕྱོགས་གསལ་སྟོན་གནང་།
སྔ་ཕྱི་བར་གསུམ་དུ། ཁྱེད་ཚོས་ཚན་པ་མང་པོ་དང་མཉམ་ལས་བགྱིས་ཏེ།
བརྡ་ཁྱབ་དང་བརྙན་ཐུང་སོགས་ཀྱི་བརྩམས་ཆོས་གྲངས་སྟོང་ལ་ཉེ་བ།
པར་ལེན་དང་ཇུས་འགོད། ཁྱབ་སྤེལ་བཏང་ཡོད་ལ།
བོད་ལྗོངས་གཙོད་གློག་བརྙན་གྱི་མིང་ཐོག་ནས།
ཆོབ་ཚ་ལ་གོ་རྒྱུ་ཆེ་བའི་བརྙན་ཐུང་དུ་མ་གསར་བཟོ་བྱས་ཏེ།
གཟིགས་མོ་བ་ཁྲི་སྟོང་མང་པོར་བསམ་པའི་རྒྱགས་ཕྱེ་དང་བདེ་སྐྱིད་ཀྱི་དགོད་སྒྲ་སྐྱེས་སུ་ཕུལ་ཡོད་ཨང་།
ཕྱིས་འབྱུང་། ཁྱེད་ཚོས་ཁྲོམ་རར་ཁ་ཕྱོགས་ཏེ།
སྨྱན་སྦྱོར་གསར་པའི་ལམ་ནས།
གློག་བརྙན་པར་ལེན་བྱ་རྒྱུའི་འཆར་གཞི་ཡོད་ལ།
གཞན་བརྟེན་ནས་རང་བརྟེན་བར་གྱི་ལམ་བུ་འཚོལ་ཞིབ་དང་།
རང་རྩོམ་རང་འཁྲབ་རང་ཁྲིད་བཅས་ཀྱི་ཐབས་ལམ་བཟང་པོའི་ཐོག་ནས།
བོད་ཀྱི་གློག་བརྙན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་པ་དེ་ཨེ་མ་མཚར་ཨང་།