ཆབ་མདོ་གྲོང་ཁྱེར“ས་ངན”ཡུག་ཁུལ་གྱི་མང་ཚོགས་སྣེའུ་གྲོང་གསར་དུ་གནས་སྤོས་དབུལ་སྒྲོལ་བྱུང་བའི་སྐོར་བཀོད་པ།
ལྷ་ས་གྲོང་ཁྱེར་སྣེའུ་གྲོང་གསར་དུ་གནས་པའི་བདེ་སྤྲོ་ཨུ་ཡོན་ལྷན་ཁང་གི་ཁྲང་ལེགས་ཡོན་དུ་སྐྱོད་སྐབས། ཐོག་མར་མིག་ལམ་དུ་འཆར་བ་ནི་ཚར་དུ་དངར་བའི་ཐོག་བརྩེགས་ཅན་གྱི་གྲོང་མིའི་སྡོད་ཁང་དང་། བློ་བདེ་བག་ཕེབས་ངང་ཉི་མ་སྲོ་བཞིན་པའི་རྒན་རྒོན། དེ་མིན་དགའ་བདེའི་རྩེད་འཇོར་རོལ་བའི་བྱིས་པ་བཅས་རེད། དེ་འདྲའི་དགའ་བདེ་བག་ཕེབས་ཀྱི་གནས་དྲོན་མོ་དེ་ནི་ཆབ་མདོ་གྲོང་ཁྱེར“ས་ངན”ཡུག་ཁུལ་གྱི་མང་ཚོགས་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་ཡིན་ཞིང་། 2019ལོའི་ཟླ་11པར་གནས་སྤོས་དབུལ་སྐྱོར་དུད་ཚང་106གི་མང་ཚོགས་520དངོས་སུ་སྡོད་ཁང་གསར་པར་སྤོས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་རེད།
ཨ་འཕགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
འདི་ལོ་ལོ་62ལ་སླེབས་པའི་ཨ་འཕགས་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྒོད་པོ་ཤང་དཀྲིགས་པ་གྲོང་ཚོ་ནས་ཡིན་ཞིང་། ཁྱིམ་དུ་ནང་མི་11ཡོད་པ་དང་ཚང་མ་ཆབ་མདོ་གྲོང་ཁྱེར“ས་ངན”ཡུག་ཁུལ་གྱི་མང་ཚོགས་གཞན་དང་འདྲ་བར་ན་ནིང་ཟླ་11པར་ཁྲང་ལེགས་ཡོན་དུ་སྤོས་པ་རེད། ཁང་བཟང་དཀར་ཆ་དོད་ལ་གཙང་སྦྲ་ལེགས་པ་དང་། ས་མཐིལ་གྱི་ངོས་གང་སར་པང་གཅལ་བཏིང་ཡོད་པ་མ་ཟད། བོད་བཟོའི་ཆ་སྒམ་དང་། ཚོན་ཁྲ་ཅན་གྱི་བརྙན་འཕྲིན། བོད་བཟོའི་ཉལ་ཁྲི། ཁ་གདན། འཁྱག་སྒམ་སོགས་འཛིན་ཆས་མང་པོ་སྲིད་གཞུང་གིས་གཅིག་འགྱུར་བཀོད་སྒྲིག་བྱས་འདུག་པས། ཁྱིམ་ཚང་ཁྱོན་ལ་བདེ་སྐྱིད་སྤྲོ་སྣང་གི་དགོད་སྒྲས་ཁྱབ་ཅིང་། འཚོ་བ་གསར་པས་བསྩལ་བའི་དྲོད་ཁོལ་གྱིས་ཕྱུག་འདུག
གནས་སྤོས་མ་བྱས་གོང་ཨ་འཕགས་ཀྱི་སེམས་ཁྲལ་ཆེ་ཤོས་ནི་ཚ་བོའི་སློབ་གསོའི་གནད་དོན་དེ་རེད། དེ་སྔ་རང་ཉིད་ཀྱི་ཕྲུ་གུ་5འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་སློབ་སྦྱོང་བྱེད་མཚམས་མི་འཇོག་ཀ་མེད་བྱུང་བས། ཁྱིམ་དུ་ཕྱུགས་འཚོ་བ་དང་དཔུང་ས་འོག་ཏུ་བཅུག་ནས་མི་སྡོད་ཀ་མེད་བྱུང་། ཁོང་གིས་ཕྱིར་དྲན་དང་སྦྲགས། “སྔོན་ཆད་ཕ་ཡུལ་ལུང་ཁུག་ཏུ་གནས་པས་ཕྲུ་གུ་སློབ་གྲྭར་འགྲོ་བར་དཀའ་ངལ་ཆེན་པོ་ཡོད། གང་ཡིན་ཟེར་ན། དགུན་ཁ་ཁ་བ་མཐུག་པོ་བབས་ཚེ་མཐུག་ཚད་མི་དར་མའི་པུས་མོའི་སར་སླེབས་པ་མ་ཟད། གྲོང་ཚོ་ནས་སློབ་གྲྭའི་བར་ད་དུང་ལ་རྒྱག་དགོས་ཀྱི་ཡོད་ལ། ཁྱིམ་བདག་གི་སྐྱེལ་རོགས་མེད་ན་ལམ་བར་དུ་རང་བྱུང་གནོད་འཚེ་དང་གཏུམ་དྲག་ཆེ་བའི་གཅན་གཟན་གྱི་འཇིགས་པ་ལ་སྐྲག་སྟེ། ཕྲུ་གུས་ལམ་ཕྱེད་ཙམ་ནས་ཁྱིམ་དུ་ལྟག་ལོག་རྒྱག་གི་ཡོད། དེར་བརྟེན་འདི་གར་མ་སྤོས་གོང་ང་ཚོའི་གྲོང་ཚོ་ཕར་ཞོགརྒོད་པོ་ཤང་ཡོངས་ལ་མཚོན་ནའང་སློབ་ཆེན་སློབ་མ་གཅིག་ལས་ཐོན་མྱོང་མེད”ཅེས་བཤད། དེ་ལྟར་ས་བབ་ཀྱི་ཆ་རྐྱེན་དང་འགྲིམ་འགྲུལ་གནད་དོན་གྱི་རྐྱེན་པས་ཡུལ་དེའི་བུ་ཕྲུག་མང་པོ་ཤེས་བྱའི་དགའ་ཚལ་དུ་ཤེས་རིག་གི་སྦྲང་རྩི་འཐུ་བའི་རྨི་ལམ་མཚར་པོ་ནུབ་ཁའི་མཚམས་སྤྲིན་ཇི་བཞིན་མཁའ་ལ་ཡལ་བཞིན་ཡོད།
ཨ་འཕགས་ཀྱི་ཚ་བོ།
ཨ་འཕགས་ཀྱི་ངོ་སྤྲོད་བྱས་པ་ལྟར་ན། ཁོ་ཚོའི་གྲོང་ཚོའི་གནས་ཡུལ་སྨར་ཁམས་རྫོང་དང་བར་ཐག་སྤྱི་ལེ་100ཙམ་ཡོད་པ་མ་ཟད། གཞུང་ལམ་ངོ་དྲག་པ་མེད་པས་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཁ་པར་གྱི་བརྡ་རྟགས་ཀྱང་བརྟན་པོ་མེད་པས། གྲོང་ཚོའི་ཕར་རྒྱབ་ཀྱི་ཆ་འཕྲིན་དང་གསར་འགྱུར་གང་ཡིན་ཁོ་ཚོའི་ལུང་ཁུག་ཏུ་དུས་ཐོག་ཏུ་ཤེས་ཀྱི་མེད། དེའི་ཐད་ནས་བཤད་ན་ཁོ་ཚོའི་གྲོང་ཚོ་དངོས་གནས་རྗེས་ལུས་ཡིན་ཚུལ་གླེང་། བུ་ཕྲུག་གི་སློབ་གསོའི་གནད་དོན་ཙམ་མ་ཡིན་པར། ད་དུང་2013ལོར་གྲོང་ཚོར་འཕྲོད་བསྟེན་ཁང་ཞིག་བཙུགས་ཡོད་མོད། སྨན་པ་དག་ནི་གྲོང་ཚོའི་གྲོང་མི་ཤ་སྟག་ཡིན་པ་ལས་ཆེད་ལས་ཀྱི་སྨན་པ་མེད་པས། ནམ་རྒྱུན་ཆམ་པ་སོགས་ནད་ཆུང་ཙག་མ་གཏོགས་ནད་ཅུང་ཚབས་ཆེན་རིགས་དུས་ཐོག་ཏུ་སྨན་བཅོས་བྱེད་པའི་ལག་རྩལ་དང་མཐུན་རྐྱེན་གཏན་ནས་མེད། གལ་ཏེ་ནད་གཞི་ལྕི་པོ་ཕོག་ན་གྲོང་ཚོར་སྨན་བཅོས་བྱེད་ཐབས་བྲལ་བ་མ་ཟད། རྫོང་སྨན་ཁང་དང་བར་ཐག་རིང་པོ་ཡོད་པས་མི་མང་པོ་ཞིག་ན་ཚ་དུས་ཐོག་ཏུ་བཅོས་མ་ཐུབ་པར་ཁྱིམ་དུ་ཚེ་ལས་འདས་པའམ་ཡང་ན་རྫོང་སྨན་ཁང་དུ་འགྲོ་བའི་ལམ་བར་དུ་བར་ཆད་ཡོང་གི་ཡོད་པའི་སྐོར་གླེང་།
གསར་འགོད་པས་ཨ་འཕགས་ལ་ལྷ་སར་དབུལ་སྐྱོར་གནས་སྤོས་བྱས་ཚུན་གྱི་འཚོ་བའི་སྐོར་གླེང་སྐབས། ཁོང་གི་བཞིན་རས་ལ་རང་ཤུགས་སུ་འཛུམ་མདངས་བཞད་དེ་འཛུམ་དམུལ་དམུལ་ངང་། “ལྷ་སར་སྤོས་པ་ནས་བཟུང་འགྲིམ་འགྲུལ་དང་སྨན་བཅོས་གང་ཅིའི་ཐད་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་པས། བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་ལུང་ཁུག་ཏུ་ཆགས་པའི་ཕ་ཡུལ་བར་ལ་སྡུར་ཐབས་ཡེ་ནས་མེད། ད་ཆ་བུ་ཕྲུག་གི་སློབ་གསོའི་ཆ་རྐྱེན་སྔོན་ཆད་ལས་ལྡབ་འགྱུར་གྱིས་ལེགས་སུ་ཕྱིན་པས། ངའི་ཚ་བོ་ཚ་མོ་ཚོའང་གྲོང་ཁྱེར་གྱི་བུ་ཕྲུག་གཞན་དང་འདྲ་བར་བུ་བཅོལ་ཁང་དུ་འགྲོ་བཞིན་ཡོད་ལ། ངའི་ཕྲུ་གུ་ཚོ་ལའང་སྲིད་གཞུང་ནས་ལས་གནས་མཁོ་འདོན་གནང་སྟེ། ཟླ་བ་མི་རེ་ངོ་རེར་གླ་ཕོགས་ཀྲིག་ཅར་དུ་ཡོད་པས། རང་གིས་འཇོན་ན་གྲོང་ཁྱེར་དུ་ཡོང་འབབ་གསོག་བདེ་པོ་འདུག སྨན་བཅོས་ཀྱི་ཆ་རྐྱེན་ངོས་ནས་བཤད་ནའང་། ལྷ་སར་སྒེར་གཞུང་གང་རུང་གིས་བཙུགས་པའི་སྨན་ཁང་ཆེ་འབྲིང་ཆུང་གསུམ་གང་དགོས་ཅི་རིགས་ཡོད་པས། ན་ན་སྨན་བཅོས་བྱེད་ས་མེད་པའི་དཀའ་ཁག་གཏན་ནས་མེད་ལ། དེ་བས་ཀྱང་སྲིད་གཞུང་ནས་དུས་ཐོག་ཏུ་སྨན་རིན་རྩིས་ཞུ་གནང་གི་ཡོད་སྟབས། དངོས་གནས་གནས་བཟོད་བདེ་པོ་འདུག”ཅེས་བརྗོད།
འདི་ལོ་ལོ་60ལ་སླེབས་པའི་ཨ་གཡུང་ནི་གོ་འཇོ་རྫོང་གསེར་གདོང་ཤང་ཨ་བྱམས་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཁོང་ལ་ཁྱོན་ཚ་བོ་ཚ་མོ་8ཡོད། ཨ་གཡུང་གིས།“དེ་སྔ་ཁྱིམ་དུ་ཕྲུ་གུ་11ཡོད། སྨན་བཅོས་ཆ་རྐྱེན་ཞན་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས་བུའི་མནའ་མར་སྨན་ཁང་དུ་ཕྲུ་གུ་སྐྱེ་བའི་གོ་སྐབས་མ་བྱུང་བས་ཕྲུ་གུ་3མེད་པར་བྱས་སོང”ཞེས་རྗོད་ཀྱིན་མིག་མཐར་མཆི་ཞག་ངང་གིས་འཁོར།
ཨ་གཡུང་གི་ཁྱིམ་དུ་མི་གྲངས་མང་ཡང་ངལ་ནུས་ཉུང་བས་དཔལ་འབྱོར་ཡོང་ཁུངས་རྐྱང་པར་གྱུར་སྟབས། 2016ལོར་སྲིད་གཞུང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་པས། ལྷ་སར་སྤོས་རྗེས་ཁོ་ཚོའི་ནང་མིར་སྣོད་བཅུད་ལས་གནས་སོགས་དམངས་ཕན་སྲིད་ཇུས་ཁག་ལོངས་སྤྱོད་ཐུབ་ཡོད། “ང་ཚོའི་ཁྱིམ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་གཏོགས་པས། སྲིད་གཞུང་གིས་དུས་ཚིགས་རེར་འབྲས་དང་། གྲོ་ཞིབ། སྣུམ། རྩམ་པ་སོགས་འཚོ་བའི་མཁོ་ཆས་སྐྱེལ་གྱི་ཡོད། སྲིད་གཞུང་གི་རོགས་རམ་འོག་ད་ཆ་ངའི་བུ་ལ་ཁ་ལོ་བའི་ལས་གནས་རག་པ་དང་། མནའ་མ་ཡང་ང་ཚོའི་ཁྲང་ལེགས་ཡོན་གྱི་གད་པ་ཡིན་པས། ད་ཆ་ཁྱིམ་ཚང་གི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་སོང་བ་དང་། འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་ཕྱིན་ནས་གང་ཅིའི་ཐད་སེམས་ཁྲལ་ཆེན་པོ་མི་འདུག”ཅེས་ཨ་གཡུང་གིས་སེམས་འགུལ་ཐེབས་བཞིན་བརྗོད།
ཨ་འཕགས་དང་ཨ་གཡུང་ཁྱིམ་ཚང་གཉིས་པོ“ཐག་རིང་ལུང་ཁུག”ནས“འཁྲུག་ཆ་དོད་པའི་གྲོང་ཁྱེར”དུ་གནས་སྤོས་དབུལ་སྐྱོར་བྱས་ཏེ་དབུལ་སྒྲོལ་ཐུབ་པ་ནི་རང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པའི་བསྡུས་རིས་ཤིག་རེད། སླད་ཕྱིན་བདེ་སྤྲོ་ཨུ་ཡོན་ལྷན་ཁང་གིས་ཆ་སྙོམས་མི་རེར་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་25ཟིན་པའི་ཚད་གཞི་ལྟར་ཁང་པ་གསར་པ་བརྒྱབ་ནས་གནས་སྤོས་མང་ཚོགས་དེ་བས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པར་སྤོ་རུ་འཇུག་མཁན་རེད། དེས་མ་ཟད་ཐོན་ལས་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས། སྤྱི་པའི་ཞབས་ཞུའི་ཆ་སྒྲིག་སྒྲིག་བཀོད་དང་ལས་ཞུགས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱས་ཏེ་གནས་སྤོས་མང་ཚོགས་ཁོར་ཡུག་གསར་པར་འཕྲོད་པ་དང་། ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་བྱེད་པ། འཚོ་བ་གསར་པ་གཏོད་པ་བཅས་ལ་རོགས་རམ་བྱེད་མཁན་རེད།