ལོ་ལྟར་གྱི་སྤྱི་ཟླ་4ཚེས་23ཉིན་ནི་རྒྱལ་སྤྱིའི་དཔེ་ཀློག་ཉིན་མོ་རེད། ཀོར་ཅིས“དཔེ་དེབ་ནི་མིའི་རིགས་ཡར་རྒྱས་འགྲོ་བའི་སྐས་འཛེག་ལྟ་བུ་རེད”ཅེས་གསུངས་པ་ལྟར། དཔེ་དེབ་ཀློག་པར་བརྩོན་པའི་མི་རིགས་ནི་རེ་བས་ཕྱུག་པའི་མི་རིགས་ཤིག་ཡིན་ལ། དཔེ་ཀློག་གི་དོན་སྙིང་རྟོགས་པར་མི་བྱེད་པའི་མི་རིགས་ནི་སྤྱི་ཚོགས་ཀྱི་གོམ་འགྲོས་དང་བསྟུན་མི་ཐུབ་པའི་མི་རིགས་ཤིག་ཡིན་ངེས།
གྲོང་མིས་དཔེ་དེབ་ལྟ་བཞིན་པ།
འཛམ་གླིང་དཔེ་ཀློག་ཉིན་མོ་འཆར་ལ་ཉེ་བའི་སྐབས་འདིར་གངས་ལྗོངས་སུ་དཔྱིད་དཔལ་རབ་ཏུ་བཞད་ཅིང་། སྔོ་ལྗང་ལྗོན་ཤིང་རྣམས་དགུན་གྱི་གྲང་ངར་ལས་གྲོལ་ཏེ་གསོན་ཤུགས་ཡོངས་སུ་རྒྱས་ལ། ཁམ་བུའི་མེ་ཏོག་དང་རྩྭ་རྩི་ཤིང་གི་མཛེས་ཉམས་ཡོངས་སུ་ངོམ་ནས་དཔྱིད་དཔལ་ལ་གཡབ་མོ་བྱེད། གསར་འགོད་པས་ལམ་ངོགས་ཀྱི་མཛེས་ལྗོངས་མྱོང་བཞིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ནོར་སྟོད་ཁྲོམ་གཞུང་དོན་གཅོད་ཁང་གི་ཞིང་པའི་དཔེ་དེབ་ཁང་དུ་གྲོང་མིས་འཛམ་གླིང་དཔེ་ཀློག་ཉིན་མོ་ཇི་ལྟར་བསུ་ཚུལ་ལ་བཅར་འདྲིར་ཆས་པ་ཡིན།
གྲོང་མིས་དཔེ་དེབ་ལྟ་བཞིན་པ།
འཇིབ་ཆུང་ལས་བབས་ཏེ་ཞིང་པའི་དཔེ་དེབ་ཁང་དུ་བཞུད་པ་ན། མིག་ལམ་དུ་མངོན་པ་ནི་གཙང་ལ་གྲལ་སྟར་འགྲིག་པའི་དཔེ་སྒྲོམ་གྱི་གམ་དུ་དཔེ་ཀློག་གི་སྒྲོག་ཙེ་རིང་པོ་ཞིག་བསྒྲིགས་ཡོད་པ་དང་སྒྲོག་ཙེའི་དཀྱིལ་དུ་དཔེ་དེབ་འདྲ་མིན་སྣ་ཚོགས་ཀྱིས་ཁེངས་འདུག ཞིང་པའི་དཔེ་དེབ་ཁང་གི་ཤར་ངོས་ཀྱི་གྱང་ལྡེབས་སུ“དཔེ་དེབ་རྒྱ་མཚོའི་ཀློང་དུ་ཤེས་བྱའི་གྲུ་གཟིངས་ཀྱི་སྐྱ་བ་གཡོབ”ཅེས་པའི་ཡི་གེ་ཆེན་པོ་འགས་བརྒྱན་འདུག དཔེ་ཀློག་གི་སྒྲོག་ཙེའི་ཐོག་གྲོང་མི་ཉི་ཤུ་ལྷག་ཙམ་གྱིས་དཔེ་ཀློག་ལ་རོལ་བཞིན་མཆིས། དཔེ་དེབ་ཀློག་མཁན་གྱི་གྲས་སུ་དུས་ཀྱི་རྗེས་ཤུལ་ཐོད་པར་བརྐོས་པའི་བགྲེས་སོང་ཡོད་ལ། ན་སོ་དར་ལ་བབས་པའི་ཕོ་གཞོན་མོ་གཞོན་ཡང་འདུག“ཉིན་དགུང་གི་ངལ་གསོའི་སྐབས་དང་ནང་ལས་ཚར་རྗེས་ང་རང་ཨུ་ཡོན་ལྷན་ཁང་གི་ཞིང་པའི་དཔེ་དེབ་ཁང་དུ་དེབ་ལྟ་བར་ཡོང་གི་ཡོད། འདིར་དེབ་སྣེ་ཁ་མང་པོ་འདུག ང་རང་འཚོ་བའི་སྐོར་གྱི་དེབ་ལྟ་རྒྱུར་དགའ་པོ་ཡོད། དགུང་གསེང་གི་སྐབས་སུ་བུ་ཁྲིད་ནས་ཡོང་གི་ཡོད། བུ་སྒྲུང་དེབ་བལྟ་རྒྱུར་དགའ་པོ་འདུག གལ་ཏེ་གོ་བ་ལེན་མི་ཤེས་པའི་སྐད་ཆ་ཡོད་ཚེ་ལམ་སེང་ཚིག་མཛོད་འཚོལ་ཆོག ངའི་ངོས་ནས་བརྗོད་ན་འདི་ནས་འཚོ་བའི་སྐོར་གྱི་ཤེས་བྱ་ཕུན་སུམ་ཚོགས་པོ་ཤེས་ཀྱི་འདུག བུའི་ངོས་ནས་བརྗོད་ན་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་འཇགས་སོང”ཞེས་གྲོང་མི་བཀྲ་ཤིས་སྒྲོལ་དཀར་གྱིས་དགའ་ཚོར་ཆེན་པོའི་ངང་བརྗོད།
ནོར་སྟོད་ཁྲོམ་གཞུང་དོན་གཅོད་ཁང་གི་ཧྲུའུ་ཅི་པ་སངས་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ནོར་སྟོད་ཁྲོམ་གཞུང་དོན་གཅོད་ཁང་ནི་2010ལོར་གསར་དུ་བཙུགས་པའི་དོན་གཅོད་ཁང་ཞིག་ཡིན་ཞིང་། ཞིང་པའི་དཔེ་དེབ་ཁང་འདི་2012ལོར་བོད་སྐྱོར་རྣམ་གྲངས་ལ་བརྟེན་ནས་བཙུགས་པ་ཞིག་རེད་འདུག དེ་དང་མཉམ་དུ་གྲོང་མིའི་ཡིག་གཟུགས་སྦྱོང་ཁང་དང་བྱིས་པའི་དཔེ་ཀློག་ཁང་། གྲོང་མིའི་ལུས་སྦྱོང་ཁང་། དོ་དམ་པའི་ངལ་གསོ་ཁང་། བོད་ལུགས་རོལ་རྩེད་ཁང་། ཆབ་སྲིད་ཀྱི་འཆད་ཁྲིད་ཁང་སོགས་ཕུན་སུམ་ཚོགས་ལ་གྲོང་མིར་སྟབས་བདེ་དང་ཕན་པ་འདོགས་པའི་རྣམ་གྲངས་མི་ཉུང་བ་ཞིག་ཡོད་པ་རེད། འགན་འཁུར་བ་པ་སངས་ཀྱིས་ངོ་སྤྲོད་བྱས་དོན། “ཨུ་ཡོན་ལྷན་ཁང་གིས་ཞིང་པའི་དཔེ་དེབ་དང་རོལ་རྩེད་ཁང་སོགས་གཟའ་མཇུག་ལའང་ནམ་རྒྱུན་བཞིན་སྒོ་ཕྱེ་གི་ཡོད། གྲོང་མི་མང་པོ་ཞིག་གིས་ངལ་གསོ་དང་སྦྲགས་དཔེ་དེབ་ལྟ་བ་དང་ལུས་སྦྱོང་བྱེད་པར་ཡོང་གི་འདུག ལྷག་དོན་དུ་དཔེ་དེབ་ལྟ་བར་ཡོང་མཁན་བྱེད་སྒོ་ཁང་གཞན་ལས་མང་བ་འདུག”ཅེས་བརྗོད་བྱུང་།
གྲོང་མིས་དཔེ་དེབ་ལྟ་བཞིན་པ།
“སློབ་མ་འགའ་རེས་དབྱར་གསེང་དང་དགུན་གསེང་གི་སྐབས་སུ་སློབ་སྦྱོང་ལ་མཁོ་བའི་དཔྱད་གཞིའི་ཡིག་ཆ་འཚོལ་བར་ཡོང་གི་ཡོད་པ་དང་རྒན་ཡོལ་ཞུས་པའི་བགྲེས་སོང་རྣམས་ཀྱང་དཔེ་དེབ་གཟིགས་པར་ཡང་སེ་ཕེབས་ཀྱི་ཡོད། དེར་བརྟེན། ང་ཚོས་ན་ཚོད་མི་འདྲ་བའི་གྲོང་མིའི་དགོས་མཁོར་གཞིགས་ནས་དཔེ་དེབ་ཀྱི་སྣ་ཁ་མང་པོ་ཉོས་ཡོད། དེབ་ཁང་འདི་འཛུགས་པའི་དམིགས་ཡུལ་ཡང་གྲོང་མི་རྣམས་ཀྱི་ཤེས་རྒྱ་ཇེ་ཟབ་དང་མཐོང་རྒྱ་ཇེ་ཆེར་གཏོང་ཆེད་ཡིན་པ་མ་ཟད། བསམ་པའི་རིག་གནས་དང་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་ཀྱང་ཡིན་པས་གྲོང་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ཨུ་ཡོན་ལྷན་ཁང་གི་ཞིང་པའི་དཔེ་དེབ་ཁང་གི་དོ་དམ་པ་ལྷག་པ་ཆོས་དབྱངས་ཀྱིས་གསར་འགོད་པར་བརྗོད་བྱུང་།
གྲོང་མིས་དཔེ་དེབ་ལྟ་བཞིན་པ།
ཨུ་ཡོན་ལྷན་ཁང་གིས་གྲོང་མི་ཚོའི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་ཆེད། དཔེ་དེབ་ཀློག་པར་གཙིགས་ཆེན་བྱེད་ཀྱི་ཡོད་པ་རེད། ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་པ་སངས་ཀྱིས་གསར་འགོད་པར་བརྗོད་དོན། “ཞིང་པའི་དཔེ་དེབ་ཁང་འདི་བཙུགས་ནས་དུས་ཡུན་རིང་པོ་ཕྱིན་མེད་རུང་དཔེ་དེབ་ཀྱི་སྣ་ཁ་མང་པོ་ཡོད་དེ། ལོ་རྒྱུས་དང་ཆབ་སྲིད་སྐོར་དང་། ཏང་དང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཀྱི་སྐོར། སློབ་མར་མཁོ་བའི་ཚིག་མཛོད་དང་གློག་ཀླད། བྱིས་པར་བོད་རྒྱ་ཤན་སྦྱར་གྱི་སྒྲུང་དེབ་དང་དེབ་ཆུང་། ཁྱིམ་འཛིན་མར་འཚོ་བའི་སྐོར་གྱི་དེབ་སོགས་ཡོད། དེབ་མང་ཉུང་གི་ཐོག་ནས་བརྗོད་ན་གྲངས་ཚད་4000ལྷག་ཡོད་པས་གྲོང་མི་རྣམས་ཀྱིས་རང་གི་དགོས་མཁོར་གཞིགས་ནས་ལྟ་ཆོག ཞིང་པའི་དཔེ་དེབ་ཁང་འདི་བཙུགས་པས་ང་ཚོའི་ཨུ་ཡོན་ལྷན་ཁང་ལ་དེབ་ཁང་མེད་པའི་སྟོང་ཆ་བསྐངས་ཡོད། སླད་ཕྱིན་གྱི་འཆར་གཞི་ནི་ང་ཚོས་མང་ཚོགས་ཀྱི་འདུན་པར་དམིགས་ནས་དེབ་ཀྱི་སྣ་ཁ་མང་དུ་གཏོང་རྒྱུ་དང་དེབ་གྲངས་མང་དུ་བཏང་ནས་གྲོང་མི་རྣམས་དཔེ་དེབ་གཅིག་གི་ཆེད་གྲོང་ཁྱེར་ནང་བསྐྱོད་མི་དགོས་པ་བྱ་རྒྱུ་ཡིན”ཞེས་བརྗོད་བྱུང་།
ཞིང་པའི་དཔེ་དེབ་ཁང་གི་ཟུར་ཞིག
འཛམ་གླིང་དཔེ་ཀློག་ཉིན་མོ་ནི་རྒྱལ་སྤྱིའི་རང་བཞིན་གྱི་དཔེ་ཀློག་ཉིན་མོ་ཞིག་རེད། དཔེ་ཀློག་ནི་མི་བུ་ཞིག་དང་། ལས་ཁུངས་ཤིག མི་རིགས་ཤིག རྒྱལ་ཁབ་ཅིག་ཡར་ཐོན་ཡོང་ཆེད་ཀྱི་སྐས་འཛེག་ལྟ་བུ་ཡིན་ལ། འབྱོར་ཕྱུག་དང་། སྟོབས་ལྡན། བསམ་པའི་དཔལ་ཡོན། ཕྱིའི་མཛེས་པ་དང་ནང་སེམས་ཀྱི་དཔལ་ཡོན་སོགས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་བདུད་རྩི་ལྟ་བུ་ཡིན། འཛམ་གླིང་དཔེ་ཀློག་ཉིན་མོ་དགའ་བས་བསུ་འོས་ལ། ནམ་ཞག་རྒྱུན་དུ་ནས་དཔེ་ཀློག་གི་གོམས་གཤིས་ཤ་དང་རུས་པའི་གསེང་དུ་འཇགས་པར་བྱེད་དགོས་ངེས་ལགས།