དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • མཚམས་ཆུང་། ཏང་གི་ཤུལ་འཛིན་པར་གྱུར་པའི་ཞིང་བྲན་གྱི་མི་རབས་རྗེས་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མཐོངས་ལས་སྒྲུབ་ཁང་།   |     སྤེལ་དུས།  2020-04-03

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། འཕྲོད་བསྟེན། རིག་གནས་སོགས་ཕྱོགས་གང་ཅིར་མི་རྣམས་ཧང་སང་དགོས་པའི་འཕོ་འགྱུར་རླབས་པོ་ཆེ་བྱུང་བ་ནི་མིག་ཡོད་ཀུན་གྱིས་མཐོང་གསལ་དང་། རྣ་ཡོད་ཀུན་གྱིས་ཐོས་གསལ་རེད། 2019ལོར་བོད་ཀྱི་ཆེས་མཐའ་མའི་དབུལ་པོའི་རྫོང་19དེ་དག་ཀྱང་ཡོངས་སུ་དབུལ་པོའི་གནས་ལས་གྲོལ་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་ཁྲི་15དབུལ་པོ་ལས་གྲོལ་ནས་དབུལ་པོ་དབུལ་རྐྱང་གི་སྣང་ཚུལ་གཞི་རྩའི་ཆར་བསལ་བ་ལས། དེ་སྔའི་ཡ་ང་བའི་ཞིང་བྲན་རྣམས་ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་པ་གསལ་གསལ་ཐིང་ཐིང་རེད།

    微信图片_20200403114448.jpg

    ● སྐྱིད་པོའི་རེ་བ་བྱས་ཀྱང་། སྡུག་གི་འཕྲང་ལས་མི་ཐར།

    1945ལོའི་ཟླ་བ་ལྔ་པར་སྐྱེས་པའི་མཚམས་ཆུང་ནི་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བའུ་གྲོང་ཚོའི་ཞིང་བྲན་གྱི་རྗེས་རབས་པ་ཞིག་རེད། ཁོ་མོའི་ཕ་ཆུང་དུས་སུ་ཉིན་མོའི་མི་དང་མཚན་མོའི་ཁྱི་བཞིན་སྤོ་ར་གཞིས་ཀའི་གཡོག་ལ་འགྲོ་དགོས་པས། ཁྱིམ་གྱི་ཕྲུ་གུ་བཅུ་པོར་ལྟ་རྟོག་བྱེད་ཁོམ་མེད་ལ། ཕྲུ་གུ་རྣམས་ཀྱང་ཆུང་དུས་ནས་ཕྱུགས་འཚོ་བ་དང་། ལྕི་བ་སྒྲུག་པ་སོགས་ཞིང་ལས་ཙག་ཙིག་བྱས་ནས་རྫོགས་རྒྱུ་མེད་པ་དང་རྐང་འགྲོ་ལག་འདོན་གྱི་ཁྲལ་ལྕི་བས། མགོ་ལ་འཇུས་ན་སྐྲ་ལོ་སྤར་མོ་གང་དང་རྐུབ་ནས་འཇུས་ན་ལྷན་པ་སྤར་མོ་གང་ལས་གང་ཡང་མེད། ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོས་པའི་ཚོར་སྣང་སྐྱིད་པོ་ཉིན་མོའི་རྨི་ལམ་ཙམ་དུ་ཟད། བདེ་བ་ལས་སྡུག་བསྔལ་མི་འདོད་པ་ནི་འཇིག་རྟེན་སྐྱེ་བོ་ཀུན་གྱི་ལུས་སེམས་ཀྱི་རེ་སྙེག་ཡིན་གཤིས། སྐྱིད་ལ་རེ་ཡང་སྡུག་གི་འཕྲང་ལས་མི་ཐར་བའི་ཆུང་དུས་ཀྱི་འཚོ་བའི་སྐོར་གླེང་སྐབས་མཚམས་ཆུང་གི་མིག་མཐའ་མཆི་མས་བརླན་པ་དང་མགྲིན་པ་བརྣངས་ནས་སྔར་སོང་གི་ལོ་ཟླ་སྐྱོ་པོར་དྲན་གསོ་བྱེད་འདོད་དེ་ཙམ་མི་བྱེད།

    ● སྐྱིད་པོ་ལ་སྒུག་ལོང་དང་སྡུག་པོ་ལ་སངས་དུས་ཡོད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བ་ལས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་ནི་དགའ་འོས་པའི་དོན་ཆེན་ཞིག་ཅི་ལ་མིན། དེ་ནས་བཟུང་མཚམས་ཆུང་དང་འདྲ་བའི་ཞིང་བྲན་དང་ཞིང་བྲན་གྱི་རྗེས་རབས་པ་མང་པོས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ཞིག་གི་དབུ་ཁྱུད་འབྲི་འགོ་བརྩམས། ལོ་བཅུ་གསུམ་ལས་མ་སོན་པའི་མཚམས་ཆུང་ལ་ཡང་བཅིངས་འགྲོལ་དམག་མི་དང་མཉམ་དུ་ལམ་བཟོ་བར་འགྲོ་བའི་སྐལ་བཟང་ཐོབ་ནས། མཚམས་ཆུང་གཅེན་གཅུང་བཅུ་པོར་འབྲས་དང་བྱི་རིལ་གྱི་བྲོ་བ་ཐེངས་དང་པོ་མྱོང་རྒྱུ་བྱུང་ལ། མི་ཚེའི་གླ་ཆ་ཐེངས་དང་པོ་ལེན་རྒྱུ་བྱུང་བས། སྔར་སོང་གི་སྐྱོ་སྡུག་གི་དྲན་འཆར་དགུང་གི་འཇའ་བཞིན་ཡལ། མཚམས་ཆུང་གིས་སྐྱོ་སྡུག་གི་ལོ་ཟླ་གླེང་འདོད་དེ་ཙམ་མི་བྱེད་ནའང་། སྤྲོ་སྣང་དང་བདེ་སྐྱིད་རྫོགས་མཐའ་བྲལ་བའི་འཚོ་བ་གསར་པའི་སྐོར་གླེང་སྐབས། སེམས་ཀྱི་སྤྲོ་སྣང་མནན་ཀྱང་ནོན་ཐབས་བྲལ་ནས། གཅིག་འཕྲོར་གཅིག་མཐུད་ཀྱིས་ངོ་མཚར་གྱི་འདས་དོན་མང་པོ་ཆུ་རྒྱུག་རྒྱུག་གིས་གླེང་བྱུང་།  1960ལོར་དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་མི་སྣ་མཚམས་ཆུང་གི་ཁྱིམ་དུ་ཡོང་ནས་ཁོ་མོ་བོད་ལྗོངས་གཞུང་སློབ(དེང་གི་ཞན་དབྱང་མི་རིགས་སློབ་ཆེན)ཏུ་སློབ་སྦྱོང་ལ་འགྲོ་བའི་སྐུལ་སློང་བྱས། མཚམས་ཆུང་གིས“ང་ནི་ང་ཚོའི་ཤང་ནས་ནང་སར་འགྲོ་མཁན་དང་པོ་ཡིན་པས། ཚང་མས་ཡིད་སྨོན་ཆེན་པོ་བྱེད་ལ། ང་རང་སྔ་ས་ནས་བཅིངས་འགྲོལ་དམག་གི་ཕ་ཡུལ་དུ་སྐྱོད་འདོད་ཆེན་པོ་ཡོད་པས་ངས་ཚམ་ཚོམ་མེད་པར་ཁས་བླངས་པ་ཡིན”ཞེས་བཤད། མཚམས་ཆུང་གིས་རྐང་ཐང་མར་ཆུ་ཚོད་གསུམ་དང་། རྟ་ལ་བཞོན་ནས་ཉིན་གཅིག་བསྐྱོད་མཐར་གཞི་ནས་གཞིས་རྩེར་འབྱོར་བ་དང་། གཞིས་རྩེ་ནས་རླངས་འཁོར་ལ་བསྡད་དེ་ཉིན་ལྔ་ཡི་རྗེས་ལྷ་སར་འབྱོར། ལྷ་ས་ནས་སློབ་གཉེར་ལ་འགྲོ་མཁན་གྱི་ཕྲུ་གུ་གཞན་དང་མཉམ་དུ་ཧྲཱན་ཤིས་ལ་ཐོན།

    སློབ་གཉེར་ལོ་དྲུག་གི་རིང་། དགེ་རྒན་ཚོས་འཚོ་བ་དང་སློབ་སྦྱོང་གང་ཅིར་ལྟ་རྟོག་དང་ཐུགས་ཁུར་གང་མང་གནང་བས། ཕ་ཡུལ་དང་ཕ་མ་སྤུན་མཆེད་དྲན་པའི་སྣང་བ་དེ་ཙམ་མ་བྱུང་། ཐེངས་ཤིག་དགེ་རྒན་ཝང་ཡུས་ཧྲན་གྱིས་ངའི་ལག་པར་དུག་སྦྲང་གིས་བརྨུགས་ནས་སྦོས་པ་མཐོང་བས། འཕྲལ་མ་ཉིད་དུ་སྨན་བྱུགས་ནས་རང་གི་ཕྲུ་གུ་བཞིན་ལྟ་རྟོག་ཞིབ་ཚགས་བྱས་པ་ད་ལྟའང་སེམས་ལ་གསལ་པོར་དྲན་གྱི་འདུག་ཅེས་བཤད། སྐབས་དེ་དུས་མཚམས་ཆུང་གིས་གཏོང་དགོས་ངེས་ཀྱི་འགྲོ་སོང་ཕུད། ཟླ་རེའི་དངུལ་ནས་བསགས་བསགས་གྲུང་གྲུང་བྱས་པའི་སྒོར་51ཡོད་པ་སློབ་གྲྭ་ཐོན་རྗེས་ཕ་ལ་ཕུལ་བས། མི་ཚེ་གང་པོར་དངུལ་མང་པོ་དེ་འདྲ་མཐོང་མ་མྱོང་བའི་པ་ཕ་སེམས་འགུལ་གྱིས་མིག་ཆུ་ཁྲུམ་ཁྲུམ་དུ་བཞུར། དེ་ཡང་ཅི་ཁག་སྟེ། སྐབས་དེ་དུས་སྒོར་51ཟེར་ན་གཡག་རབ་གཅིག་གི་རིན་གོང་རེད། 

    微信图片_20200403114453.jpg

    ●  རྒྱ་ཇ་ཁ་ལ་འཐུང་དུས། སྨུག་ཆུང་དྲེའུ་མི་བརྗེད།

    སློབ་མཇུག་འགྲིལ་ནས་བོད་དུ་ལོག་རྗེས་མཚམས་ཆུང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཧྲི་ཤོག་བཅུ་པར་སྐད་སྒྱུར་བ་བྱས་པ་དང་། ཕྱིས་སུ་ནག་ཆུ་སོག་རྫོང་དང་སྦྲ་ཆེན་རྫོང་སོགས་སུ་གཞི་རིམ་གྱི་ལས་དོན་སྒྲུབ། 2001ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཁྲུའུ་ཀྲང་གཞོན་པའི་ལས་གནས་ནས་གཟི་བརྗིད་དང་བཅས་རྒན་ཡོལ་ཞུས། ལས་གནས་ལས་བྲལ་རུང་ཏང་དང་མི་བྲལ་བ་དང་། ལོ་ན་རྒས་ཀྱང་སེམས་ཤུགས་མི་ཉམས་པར་2008ལོར་མཚམས་ཆུང་གིས་རང་སྐྱོང་ལྗོངས་ཚོང་དོན་ཐིང་བྱང་ཕྱོགས་རྒན་ཡོལ་རྟེན་གཞིའི་དོ་བདག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། 2012ལོར་ཚོང་དོན་ཐིང་ཏང་ཀྲི་པུའུ་བཅུ་པའི་རྒན་ཡོལ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་ཀྲི་པུའུ་ཧྲུའུ་ཅི་བྱས། དེ་བཞིན་དགའ་སྐྱིད་སྡེ་ཁུལ་གྱི་དོ་བདག་ཨུ་ལྷན་གྱི་ཀྲུའུ་རེན་དང་། གཉིས་ལྡན་དྲུད་སྦྲེལ་གྱི་སྤྱི་མི་བྱས་ཏེ་སྡེ་ཁུལ་མང་ཚོགས་ཀྱི་སེམས་ཁྲལ་མང་པོ་བསལ་ཞིང་། ཁོང་གནས་སའི་དགའ་སྐྱིད་སྡེ་ཁུལ་ནི་ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོས་མ་དངུལ་བསྡུ་རུབ་བྱས་ཏེ་བསྐྲུན་པ་ཞིག་ཡིན་པ་དང་། སྒྲིག་གཞི་སྒྱུར་བཅོས་དང་ས་ཞིང་ནང་བཤུག་གི་མ་དངུལ་སོགས་རྒྱུ་རྐྱེན་མང་པོས། ལོ་བཅུ་ལྷག་ཙམ་སོང་ཡང་སྡེ་ཁུལ་གྱི་ས་དབང་ལག་ཁྱེར་དང་ཁང་པའི་ལག་ཁྱེར་གཉེར་མ་ཐུབ་པར་ལུས། དོན་དེ་སྡེ་ཁུལ་གྱི་གྲོང་མི་མང་པོའི་སེམས་ནད་ཅིག་ཏུ་གྱུར་བ་ཤེས་སྐབས་མཚམས་ཆུང་གིས་འབྲེལ་ཡོད་སྲིད་ཇུས་དང་འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ལ་རྒྱུས་མངའ་ལོན་པར་བྱས་ཏེ། ལོ་གསུམ་ལ་ཉེ་བ་ཐོབ་ཆ་དང་བདལ་གླ་སོགས་གང་ཡང་མེད་པར་ཡར་རྒྱུག་མར་རྒྱུག་གིས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་མཐར། སྡེ་ཁུལ་གྱི་དུད་ཚང་ཚང་མའི་ལག་ཁྱེར་གཉེར་ཐུབ་པ་བྱུང་། གཞན་ཡང་ལྷོ་ངོས་ཀྱི་ས་ཆ་སྟོང་པར་སྤྱི་གླིང་སྐྲུན་སྐབས་དེ་སྔའི་ལྕགས་རི་བཤིག་པའི་རྐྱེན་གྱིས་སྡེ་ཁུལ་དུ་རྐུ་འཕྲོག་གི་གྱོད་གཞི་ཐེངས་མང་ཐོན་པས། མཚམས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ལྕགས་རི་བསྐྲུན་པ་མ་ཟད། སྡེ་ཁུལ་ལ་རིག་གནས་བྱེད་སྒོ་ཁང་བསྐྲུན། རྒན་རྒོན་དང་བྱིས་པ་སློབ་གྲྭར་བསྐྱོད་བདེ་ཡོང་སླད་ལམ་སྒྲོན་དང་གློག་མིག་བསྒར་བ་སོགས་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བསལ་ནས་བློ་གཅིག་སེམས་གཅིག་གིས་ཏང་ལ་ཞབས་འདེགས་ཞུ་བའི་གུང་ཁྲན་ཏང་མིའི་བླ་ན་མེད་པའི་སྤྱོད་བཟང་གི་རྒྱུན་བསྐྱངས་པས། ཚང་མས་ཁོང་ལ་བསྔགས་བརྗོད་ཀྱི་མེ་ཏོག་མི་གཏོར་ཅི་ལ་སྲིད། 

    ●  བྱས་པའི་རྗེས་དང་དྲུས་པའི་ཤུལ། 

    ད་ལོ་དགུང་ལོ་75སླེབས་པའི་མཚམས་ཆུང་1965ལོར་ཏང་ལ་ཞུགས་ཚུན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གསང་ཡིབ་སྡེ་ཁུལ་གྱི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་ལ་ཐེངས་མང་བདམས་པ་དང་། 2016ལོར་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མིར་བདམས། དེ་བཞིན་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཕུལ་བྱུང་ཏང་དོན་ལས་དོན་པ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་ཐེངས་མང་བདམས་པ་དང་། ལྗོངས་ཡོངས་ཀྱི་རྒན་ཡོལ་ལས་བྱེད་པའི་ཕུལ་བྱུང་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་གྲངས་མེད་ཐོབ་ནས། ཡ་ང་བའི་ཞིང་བྲན་གྱི་མི་རབས་རྗེས་མ་ཞིག་ནས་རླབས་ཆེན་གྱི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཞིག་ཏུ་གྱུར། དེ་ལྟར་ནའང་ཁོང་གིས་སེམས་ཆུང་དང་བཅས“གུང་ཁྲན་ཏང་གིས་གསོ་སྐྱོང་གནང་བའི་བཀའ་དྲིན་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་བཅངས་ཏེ་མེས་རྒྱལ་དར་རྒྱས་གོང་འཕེལ་གྱི་གོམ་སྟབས་ལ་བསྙེགས་ཏེ། རང་གི་བྱ་སྤྱོད་ངོ་མར་བརྟེན་ནས་གངས་ལྗོངས་ས་མཐོར་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་རྒྱུ་ནི་ངའི་དོར་མེད་ཀྱི་འགན་འཁྲི་ཡིན”ཞེས་བརྗོད་ཀྱི་ཡོད།     

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།