ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་པད་གླིང་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་ཟླ་བ་ལྷག་སྒྲོན་གྱི་སྐོར་བཀོད་པ།
དཔྱིད་ཀྱི་ནམ་ཟླ་ནི་གྲང་གསུམ་དྲོ་གསུམ་ཡིན་མོད། འོན་ཀྱང་། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་པད་གླིང་སྡེ་ཁུལ་ཆུང་ཆུང་དེ་ནི་དྲོ་སྐྱིད་རབ་ཏུ་ཁེངས་པའི་ཁྱིམ་ཚང་ཞིག་དང་འདྲ་ཞིང་། ཟླ་3ཚེས་20ཉིན་གྱི་ཞོགས་པ་ནམ་མཁར་སྨུག་སྤྲིན་འཐིབས་ནས་ལུས་ལ་ཉི་འོད་ཀྱི་དྲོ་སྐྱིད་ཚོར་རྒྱུ་མེད་ཀྱང་། སྡེ་ཁུལ་སྒོ་རའི་ནང་ལས་དོན་མི་སྣ་རྣམས་རང་འཁྲིའི་ལས་ལ་ཚ་ཚ་འུར་འུར་གྱིས་ཞུགས་ནས། དེ་གར་ལས་དོན་སྒྲུབ་པར་ཡོང་མཁན་གྱི་མང་ཚོགས་སེམས་ལ་དྲོ་སྐྱིད་སྦྱིན་པར་བྱེད།
“རྒན་ལགས། ངའི་བུའི་ཐོབ་ཐང་ལག་ཁྱེར་ཁ་གསབ་བྱེད་དགོས་ན། པར་གང་དུ་རྒྱག་པར་འགྲོ་དགོས་སམ།” “རྒན་ལགས། ངའི་བུ་མོས་དྲ་བའི་སློབ་ཚན་སྔར་རྒྱུན་བཞིན་ཉན་ཐུབ་ཀྱི་མི་འདུག་པས་ཕྱག་རོགས་ཤིག་གནང་རོགས།” དེ་དང་དེ་འདྲ་བའི་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་དང་གནད་དོན་ལ་སྡེ་ཁུལ་གྱི་ལས་དོན་མི་སྣས་སེམས་རྩ་འཁོལ་པོའི་ངང་ནས་གསལ་བཤད་བྱེད་པ་མ་ཟད། དགོས་ངེས་ཀྱི་སྐབས་སུ་ཆེད་མངགས་མི་མངགས་ནས་གནད་དོན་ཐག་གཅོད་བྱེད་བཞིན་འདུག་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དམ་བཟུང་བྱས་ཏེ། ཕྱི་ནས་ཡོང་བའི་མི་སྣར་ཐོ་འགོད་པ་དང་ཚ་བ་ལྟ་བ། ལོགས་སུ་བཞག་པའི་མི་སྣའི་ཁ་གྲངས་ཀྱི་འཕོ་འགྱུར་རེའུ་མིག་ཏུ་འགོད་པ་སོགས་ཀྱི་ལས་ཀ་རྣམས་ཀྱང་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་འདུག་པས། སྡེ་ཁུལ་གྱི་སྒོ་ར་ཆུང་ཆུང་དེ་རེ་ཞིག་བྲེལ་འཚུབ་ཀྱི་རྣམ་པས་ཡོངས་སུ་ཁེངས།
ཅུང་མ་འགོར་བར། དབུ་སྐྲ་དཀར་པོར་གྱུར་པའི་ཨ་མ་ལགས་ཤིག་སྡེ་ཁུལ་སྒོ་རའི་ནང་འཛུལ་འོངས་ཤིང་། ཁོང་གི་རྗེས་སུ་ལས་དོན་མི་སྣ་ཁ་ཤས་ཀྱང་ལག་ཏུ་ཟིན་དེབ་དང་སྒལ་པར་དུག་སེལ་སྣོད་ཆས་སོགས་འཁྱེར་ནས་གཅིག་མཇུག་གཉིས་མཐུད་ངང་སྡེ་ཁུལ་སྒོ་རའི་ནང་འཛུལ་འོངས། ཤེས་རྟོགས་བྱས་པ་བརྒྱུད། ཨ་མ་ལགས་ཁོང་ནི་པད་གླིང་སྡེ་ཁུལ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་ཞིང་། སྡེ་ཁུལ་གྱི་ལས་དོན་མི་སྣ་དང་མཉམ་དུ་སྲང་ལམ་དུ་དུག་སེལ་བྱེད་པར་བསྐྱོད་པ་རེད་འདུག དུང་མདོག་ཏུ་གྱུར་པའི་དབུ་སྐྲ་ལས་ཨ་མ་ལགས་ཁོང་ནི་ལོ་ན་མཐོ་བའི་བགྲེས་སོང་ཞིག་ཡིན་པར་ཤེས་ཀྱང་། ཡང་ཟོར་དོད་པའི་གོམ་པའི་འདེགས་འཇོག་དང་སེམས་རྩ་འཁོལ་བའི་བཀའ་མོལ་ལས་ཁོང་ནི་ན་སོ་རྒས་ཀྱང་སེམས་ཤུགས་རྩ་བ་ནས་ཉམས་མེད་པའི་རྒན་རྒོན་ཞིག་ཡིན་པར་ཤེས་པས། དེ་མུར་གསར་འགོད་པས་ཨ་མ་ལགས་ཁོང་ལ་བཅར་འདྲི་ཞུས་པ་ཡིན།
ཨ་མ་ལགས་ཁོང་གི་མཚན་ལ་ཟླ་བ་ལྷག་སྒྲོན་ཟེར་བ་དང་། ཁོང་ནི་སྤྱི་ལོ་1945ལོར་སྐྱེས་ཤིང་། བོད་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་ཀ་བརྒྱུད་མྱོང་བའི་བགྲེས་སོང་ཞིག་རེད་འདུག སྤྱི་ལོ་1959ལོ་ནི་ཁོང་གི་སེམས་དབུས་སུ་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་གསལ་ལེར་ངེས་ཡོད། གང་ལགས་ཤེ་ན། ལོ་དེ་ནི་སྐབས་དེ་དུས་ཨ་མ་ཟླ་བ་ལྷག་སྒྲོན་དང་འདྲ་བའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ལོ་ཞིག་ཡིན་ཞིང་། ལོ་དེའི་སྔ་ཕྱི་གཉིས་ལ་བོད་ཀྱི་ཞིང་བྲན་མང་ཚོགས་ཀྱི་གནས་བབ་ལ་གནམ་ས་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་ཅིང་། ཨ་མ་ཟླ་བ་ལྷག་སྒྲོན་ཁོང་ཡང་སྤྱི་ལོ་1959ལོའི་སྔ་རོལ་དུ་ཞིང་བྲན་གྱི་བུ་ཕྲུག་ཅིག་ཡིན་མོད། སྤྱི་ལོ་1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས། སྤྱི་ལོ་1960ལོར་ཁོང་ཉིད་བོད་ལྗོངས་མི་རིགས་སློབ་གྲྭའི་སློབ་མ་ཞིག་ཏུ་གྱུར་བ་རེད། ལོ་གཅིག་གི་སྔ་གཞུག་ཏུ་རང་ཉིད་ཀྱི་གནས་བབ་ལ་གནམ་ས་འཛོལ་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དེ་ནི་ཨ་མ་ཟླ་བ་ལྷག་སྒྲོན་གྱི་ཉལ་བའི་རྨི་ལམ་དུ་ཡང་རྨིས་མྱོང་མེད་ལ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་བསམ་པའི་ཡུལ་དུའང་འཆར་མྱོང་ཅི་ལ་ཡོད་སྲིད།
བོད་ལྗོངས་མི་རིགས་སློབ་གྲྭར་ལོ་5སློབ་སྦྱོང་གནང་རྗེས། ཨ་མ་ཟླ་བ་ལྷག་སྒྲོན་དང་ཁོང་གི་སློབ་གྲོགས་རྣམས་གཞི་རིམ་དུ་ལས་དོན་སྒྲུབ་པར་མངགས་ཤིང་། ཨ་མ་ཟླ་བ་ལྷག་སྒྲོན་ལགས་ཀྱང་གཞིས་རྩེ་ས་ཁུལ་དུ་ལས་བགོས་བརྒྱབ་ནས། ཡུལ་དེ་གར་ལོ་མང་རིང་ཕྱག་ལས་གནང་།
“བོད་ཀྱི་སྤྱི་ཚོགས་རྙིང་པར་ཞིང་བྲན་རྣམས་ལ་ཤེས་བྱ་ཡོན་ཏན་སྦྱོང་བའི་སྐལ་བ་མེད་ལ། དེ་བས་ང་ཚོ་བུད་མེད་ལ་ཡོན་ཏན་སྦྱོང་བའི་སྐལ་བ་མེད”ཅེས་ཨ་མ་ཟླ་བ་ལྷག་སྒྲོན་གྱིས་གསུངས་ཤིང་། ཁོང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས་རང་ཉིད་ལ་ཤེས་བྱ་ཡོན་ཏན་སྦྱོང་བའི་སྐལ་བ་བྱུང་བ་དེ་ནི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་པར་མཐའ་གཅིག་ཏུ་ངོས་འཛིན་བྱེད་པ་མ་ཟད། ལག་ལེན་དངོས་ཀྱི་ཐོག་ནས་ཏང་གི་བཀའ་དྲིན་གསོལ་ཕྱིར། ཁོང་གིས་སློབ་གྲྭ་ལས་ཐོན་པའི་ལོ་སྟེ། སྤྱི་ལོ་1965ལོར་ཚམ་ཚོམ་ཅི་ཡང་མེད་པར་ཏང་ལ་ཞུགས་པ་རེད།
ད་ལོ་ཏང་ལོ་55ཟིན་པའི་ཨ་མ་ཟླ་བ་ལྷག་སྒྲོན་ལགས་ནི་མིང་དོན་མཚུངས་པའི་ཏང་ཡོན་རྒན་གྲས་ཤིག་ཡིན་ཞིང་། ཁོང་རྒན་ཡོལ་ཞུས་རྗེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་པད་གླིང་སྡེ་ཁུལ་དུ་གནས་སྡོད་བྱས། རང་ཉིད་ཏང་ཡོན་ཞིག་ཡིན་པའི་འགན་སེམས་ཡིད་ལ་བརྟན་པོར་བཅངས་ཤིང་མུ་མཐུད་ཏང་ལ་ལེགས་སྐྱེས་འབུལ་བའི་སེམས་ཤུགས་ཀྱིས་བསྐུལ་ནས། སྤྱི་ལོ་2014ལོར་པད་གླིང་སྡེ་ཁུལ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།
“རྒན་ལགས་ཁོང་ཞོགས་པ་རྟག་པར་དུས་ཐོག་ཏུ་ཕྱག་ལས་ལ་ཕེབས་པ་མ་ཟད། ཕྱག་ལས་གང་གནང་ཡང་སེམས་རྩ་ཤིན་ཏུ་འཁོལ་བས་ང་ཚོ་ན་གཞོན་ལས་བྱེད་པའི་མིག་དཔེ་རང་རེད”ཅེས་པད་གླིང་སྡེ་ཁུལ་དུ་བཅའ་སྡོད་ཏང་ཀྲི་པུའུ་ཧྲུའུ་ཅི་དཀར་གསལ་གྱིས་གསུངས་པ་ལྟར། ད་ལོ་དགུང་ལོ་75ལ་སླེབས་པའི་ཨ་མ་ཟླ་བ་ལྷག་སྒྲོན་གྱིས་རང་ཉིད་ཀྱི་ལས་ཀར་བཅངས་པའི་འགན་སེམས་དང་ཏང་ལ་བཅངས་པའི་ལྷག་བསམ་ནི་ད་ཆ་པད་གླིང་སྡེ་ཁུལ་གྱི་ན་གཞོན་ལས་བྱེད་པའི་མིག་དཔེར་གྱུར་ཞིང་། ལྷག་དོན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དམིགས་བསལ་གྱི་དུས་སྐབས་འདིར། ཁོང་གིས་སྲང་ལམ་དུ་དུག་སེལ་བྱེད་པ་དང་། འགྲུལ་པར་ཐོ་འགོད་པ་དང་ཚ་བ་ལྟ་བ་སོགས་ཀྱི་ལས་དོན་དངོས་ནང་ཞུགས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་དང་འབུལ་བཞིན་ཡོད།
བཅར་འདྲི་བྱེད་རིང་། ཁོང་གིས་ཞལ་ནས“ལས་ཀ་མང་ཆེ་བ་གཞོན་གཞོན་ཚོས་བྱེད་ཀྱི་ཡོད་པ་རེད། ང་མཉམ་དུ་ཕྱིན་པ་ཙམ་རེད”ཅེས་ཡང་ནས་བསྐྱར་དུ་གསུང་གི་འདུག་མོད། འོན་ཀྱང་། དགུང་ལོ་75ལ་སླེབས་པའི་རྒན་རྒོན་ཞིག་གིས་ཕྱག་ལས་མང་པོ་གནང་མ་ཐུབ་ཀྱང་། ན་གཞོན་ལས་བྱེད་ཚོ་དང་མཉམ་དུ་ལས་ཀར་ཞུགས་པའམ་གཞོགས་འདེགས་གནང་བ་སོགས་ནི་ཀུན་གྱིས་ཡི་རངས་ཞུ་ཡུལ་འབའ་ཞིག་ཡིན་ལ། ན་གཞོན་ལས་བྱེད་ཚོར་སེམས་ཤུགས་ལྡབ་བརྒྱ་བསྐྱེད་པའི་སྒུལ་ཤུགས་ཤིག་དང་། ཏང་ཡོན་ཞིག་གི་འགན་འཁྲི་ཤེས་སུ་འཇུག་པའི་གསོན་ཉམས་དོད་པའི་སློབ་ཁྲིད་ཅིག་རང་ཡིན་པས། དེའི་དགོས་པ་དང་དོན་སྙིང་ནི་ལྷག་ཏུ་ཆེ་སྟེ། “རྒན་ལགས་ཁོང་གིས་ག་དུས་ཡིན་རུང་། ང་ཚོའི་ལས་ཀར་གཞོགས་འདེགས་ཧ་ཅང་ཡག་པོ་གནང་ཙང་། ང་ཚོས་ལས་བྱེད་རྒན་གྲས་ཀྱི་ལས་ཀ་གང་བྱས་ཀྱང་སྟབས་བདེ་པོ་འདུག”ཅེས་ཁྲེང་ཀོན་ཆུས་ལས་བྱེད་རྒན་གྲས་ཅུས་ཀྱི་འགན་འཁུར་བ་བསྟན་འཛིན་གཡང་འཛོམས་ཀྱིས་གསུངས་པ་ལྟར་རོ།