དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ཁོང་གིས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཉིན་མོ་དེ་སྒུག་ཐུབ་མི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-09

    ས་སྐྱ་རྫོང་དགེ་སྡིངས་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་ཚེ་རིང་འདས་པོའི་སྐོར་བཀོད་པ།

        “རིམས་ནད་འགོག་རིང་ལས་གནས་བརྟན་སྲུང་བྱས་ཏེ། རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མ་ཐོབ་བར་ཕྱིར་བཤོལ་གཏན་ནས་བྱེད་ཀྱི་མིན། ང་ནི་གྲོང་ཚོའི་ཀྲུའུ་རེན་ཞིག་ཡིན་ལ་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན་པས། ངས་ངེས་པར་དུ་གདོང་མཆོང་བྱེད་ཀྱི་ཡིན”ཞེས་པ་ནི་ཕུན་ཚོགས་ཚེ་རིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འཐབ་འཛིང་བྱེད་སྐབས་བརྗོད་མྱོང་བའི་སྐད་ཆ་ཞིག་རེད།

        ཕུན་ཚོགས་ཚེ་རིང་ནི། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་དགེ་སྡིངས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་ཞིང་། རྒྱུན་མཐུད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་རིང་སྐུ་ལས་ཁག་དྲགས་པས། 2020ལོའི་ཟླ་2ཚེས་10ཉིན་གྱི་དགོང་མོ་སྟབས་མི་ལེགས་པར་གྲོངས་པ་རེད། གྲོངས་སྐབས་ལོ་38ཡིན་པ་རེད།

        དགེ་སྡིངས་གྲོང་ཚོ་ནི་རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་གནས་པས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་དཀའ་ཚེགས་ཤིན་ཏུ་ཆེན་པོ་ཡོད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཕུན་ཚོགས་ཚེ་རིང་གིས་དཔའ་ངར་ཆེན་པོས་གདོང་མཆོང་བྱས་ཏེ། རང་འགུལ་ངང་གྲོང་ཚོའི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གི་འཕྲལ་སྒྲུབ་པ་གཙོ་བོའི་འགན་འཁུར་རྒྱུའི་རེ་བ་བཏོན་ནས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་གྱི་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ནང་འཕྲལ་དུ་ཞུགས་པ་མ་ཟད། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ཡག་པོ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཕྱི་ནས་ཡོང་མཁན་དང་ཕ་ཡུལ་དུ་ལོག་མཁན་ལ་གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་བྱས་པ། ཁོངས་གཏོགས་ཁུལ་གྱི་འཕྲོད་བསྟེན་བཅོས་སྒྲིག་དང་དུག་སེལ་གྱི་ལས་དོན་སྤེལ་ཡོད།

        རིམས་ནད་ཐོན་རིང་། ཕུན་ཚོགས་ཚེ་རིང་གིས་ཏང་ཡོན་ཚོའི་སྣེ་ཁྲིད་དེ་དུད་ཚང་དུ་ཐེངས་270ལྷག་ཙམ་བསྐྱོད་པ་དང་། མི་1500ལྷག་ཙམ་ལ་གྲལ་བཤེར་ཐོ་འགོད་བྱས་པ། འགྲོ་འོང་བྱེད་མཁན་རླངས་འཁོར་300ལྷག་ཙམ་དང་མི་800ལྷག་ཙམ་ལ་ཞིབ་བཤེར་ཚད་ལེན་བྱས་པ་མ་ཟད། རྫོང་དང་ཤང་གི་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་དུག་སེལ་ཐེངས་20ལྷག་ཙམ་བྱས་ཡོད། དཀའ་ལས་ཁག་སྐབས་ས་ཚིགས་ཀྱི་རྐུབ་སྟེགས་སྟེང་ངལ་གསོ་ཙམ་བྱེད་པ་དང་། ལྟོགས་དུས་སྟབས་བདེའི་ཐུག་པ་དང་རྩམ་པ་བཟས་ནས“རིམས་ནད་འགོག་རྒོལ”དམག་འཐབ་ཀྱི་འཐབ་ས་དང་པོའི་དྲིལ་བསྒྲགས་པ་དང་། གྲལ་བཤེར་བ། སྐོར་སྐྱོད་པ། སྙན་ཞུ་བ། རོགས་སྐྱོར་བ་བཅས་ཀྱི་ལས་འགན་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ་དགེ་སྡིངས་གྲོང་ཚོར་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད།

        དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་དེས་ཕུན་ཚོགས་ཚེ་རིང་ལ་དཀའ་ལས་ཁག་པ་དང་ལྟོགས་པའི་སྣང་བ་བྱུང་མེད་ལ། རང་ཉིད་ཁྲག་ཤེད་མཐོ་པོ་ཡོད་པའང་བརྗེད་ཡོད། ཉིན་ཤས་བསྟུད་མའི་འགྲོ་འོང་དང་། དཀའ་ཚེགས། བརྟན་སྲུང་བཅས་ལས་ཁོང་གི་གཟུགས་པོ་སྐྱོ་རུ་ཕྱིན་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཉིན་མོ་དེ་སྒུག་ཐུབ་མེད།

        ཟླ་2ཚེས་10ཉིན། ཕུན་ཚོགས་ཚེ་རིང་སྔ་པོ་ནས་གྲོང་ཚོ་ཨུ་ལྷན་དུ་ཡོང་ནས་ཚང་མ་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། བདེ་འཇགས་སྐོར་གཡེང་། ཁོར་ཡུག་འཕྲོད་བསྟེན། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”སོགས་ཀྱི་རྙོག་འཛིང་ཆེ་བའི་ལས་འགན་ཇི་ལྟར་སྒྲུབ་དགོས་མིན་སྐོར་ལ་གྲོས་བསྡུར་གནང་བ་མ་ཟད། དགོང་ཟས་ཀྱང་བཟའ་ཁོམ་མེད་པར་གྲོང་ཚོའི་ལས་བྱེད་པ་གཞན་དང་མཉམ་དུ་ཁོངས་གཏོགས་ཁུལ་དུ་སྔོན་འགོག་ཚོད་འཛིན་གྱི་སྐོར་གཡེང་བྱེད་འགོ་བརྩམས།

        དགོང་མོའི་ཆུ་ཚོད་8དང་སྐར་མ་40ཙམ་ལ་ཕུན་ཚོགས་ཚེ་རིང་གློ་བུར་དུ་གཟུགས་པོ་མི་བདེ་བ་བྱུང་ཞིང་། ལས་རོགས་ཚོས་ཁ་ཏ་བསླབ་བྱ་ཐེངས་མང་བྱས་པ་བརྒྱུད། གཞི་ནས་ཁྱིམ་དུ་ངལ་གསོ་བར་ལོག འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་གཟུགས་པོ་སྐྱོ་རུ་སོང་བའི་ཕུན་ཚོགས་ཚེ་རིང་ཁྱིམ་གྱི་སྐས་འཛེགས་ནས་ལྷུངས་ཏེ་ཀ་ལི་གས་པ་མ་ཟད་ཀླད་པའི་ནང་ཁྲག་ཤོར། མ་གཞི་སྨན་པས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་། རྨས་སྐྱོན་ཚབས་ཆེ་བས་ཕན་འབྲས་མ་ཐོན་པར་གྲོངས།

    1981ལོའི་ཟླ་8པར་སྐྱེས་པའི་ཕུན་ཚོགས་ཚེ་རིང་གིས་2000ལོར་གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་གྱི་འགན་འཁུར་བ་དང་།2003ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།2017ལོར་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར།

        ཁོང་གྲོངས་པའི་གཏམ་ངན་དེ་ཐོས་རྗེས། དགེ་སྡིངས་གྲོང་ཚོའི་མང་ཚོགས་ཚོ་སྐྱོ་གདུང་གི་གནས་སུ་གྱར། གྲོང་མི་མགོན་པོ་ཚེ་རིང་གིས་སྐྱོ་སྣང་ཆེན་པོས“ད་ལྟ་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ནས་འཚོ་བ་ཉིན་རེ་བཞིན་མ་འདས་པར་ཡག་ཏུ་འགྲོ་སྐབས་ཀྲུའུ་རེན་ལགས་ང་ཚོ་དང་ཁ་བྲལ་སོང་། ཀྲུའུ་རེན་ལགས་ཁོང་ནི་རིག་པ་སྤྱང་ལ་ལས་ཀ་འཇོན་པོ་ཡོད་པ་མ་ཟད། དེ་བས་གལ་ཆེ་བ་ནི་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ལས་ཀར་དམ་འཛིན་གྱིས་གྲོང་ཚོའི་ལས་དོན་སེམས་ནང་འཇོག་གི་ཡོད་པས་ཡུལ་མི་ཚོས་སྔ་ས་ནས་ཁོང་བློ་གཏད་བཅོལ་སར་བརྩི་ཡི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།