དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • བདེ་ཐང་གི་ཆེད་དུ་ད་ལོ་ལོ་གསར་མ་བཏང་ནའང་ཆོག

  • ཡོང་ཁུངས།  དྲ་འཕྲིན་བོད་ལྗོངས།   |     སྤེལ་དུས།  2020-02-18

    རིམས་ནད་འགོག་ཟོན་དཀའ་ཚེགས་ཆེ་བའི་འགག་རྩའི་དུས་སུ་བོད་ཀྱི་ལོ་གསར་ཉེ་བར་བཅར་བ་དང་། མི་ཚོགས་མཐུག་ཏུ་ཕྱིན་པས་ནད་དུག་འགོ་རྒྱུར་ཉེན་ཁ་དེ་བས་ཆེ་རུ་ཕྱིན་ཡོད། བསྟུད་མར་ལས་ཀ་བྱེད་པའི་སྲོལ་བཟང་དར་སྤེལ་བཏང་ནས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་ཟོན་གྱི་ལས་ཀར་ཕྱོགས་ཡོངས་ནས་རྒྱལ་ཁ་འཐོབ་རྒྱུར་བོད་ཀྱིས་ལེགས་སྐྱེས་ཇི་ལྟར་འབུལ་དགོས་ཤེ་ན། འབྱུང་རྩ་འགོག་པ་དང་མཆེད་རྒྱུ་འགོག་པ། ཁྱིམ་དུ་འདུག་པ། ཕྱིར་ཉུང་ཙམ་འགྲོ་བ་བཅས་རེད། ལོ་གསར་རིང་འགོག་ཟོན་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ན། ང་ཚོས་གཞི་ནས་མི་རིགས་ཁག་གི་མང་ཚོགས་ཚོ་བདེ་ཐང་དང་བཀྲ་ཤིས་ཕྱྭ་གཡང་ལྡན་པའི་ལོ་གསར་ཞིག་གཏང་རྒྱུ་འགན་སྲུང་བྱ་ཐུབ་ཅེས་བརྗོད་པའི་གདེང་ཚོད་ཡོད། 

    ཁྲོམ་ར་བསྐོར་ནས་ལོ་གསར་གྱི་མཁོ་ཆས་ཉོ་བ་དང་། གྲོང་པ་ཁྱིམ་མཚེས་ཕྱེ་མར་རྒྱུག་པ། ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་བ་བཅས་ནི་སྲོལ་རྒྱུན་གྱི་གོམས་སྲོལ་རེད། ཡིན་ན་ཡང་ད་ལོ་གོམས་སྲོལ་བཞིན་བསྒྲུབས་ན་ཚང་མར་ནད་དུག་འགོ་བའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། རིམས་ནད་འགོག་ཟོན་བྱེད་པར་ལྷོད་གཡེང་གཏན་ནས་གཏང་མི་རུང་། ང་ཚོས་མཐའ་ཚད་ཀྱི་བསམ་བློ་བཙུགས་ཏེ་གནད་དོན་ལ་བསམ་བློ་ཚབས་ཆེ་ཙམ་གཏོང་བ་དང་ཉེན་ཁར་བསམ་བློ་རྒྱ་ཆེ་ཙམ་གཏང་དགོས། ཁ་པར་རེ་དང་འཕྲིན་ཐུང་རེ། བརྙན་ཤེལ་རེ་ལས་ཀྱང་བརྩེ་བ་ཟབ་མོ་མཚོན་ཐུབ། སྤྱི་ནས་ལོ་གསར་པར་དགའ་ཉེ་སྤུན་མཆེད་ལ་སྨོན་འདུན་བཟང་པོ་ཞུ་ཆོག་ལ་ཡང་སྒོས་སུ་རིམས་ནད་འགོག་རྒྱུར་ནུས་པ་གང་འཚམ་འདོན་ཐུབ།

    ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་རྒྱུར་རྒྱལ་ཁ་འཐོབ་པར་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཚོད་བགམ་ཡིན་པ་དང་། དམིགས་བསལ་དུས་སུ་བོད་ཀྱི་ལོ་གསར་གང་འདྲ་གཏོང་དགོས་མིན་ང་ཚོ་མི་རེར་འཕྲད་པའི་ཚོད་བགམ་ཡིན། ཁྱིམ་དུ་བསྡད་དེ་ལོ་གསར་གཏོང་བ་ནི་ཐེག་པ་ཁུར་ལེན་བྱས་པ་རང་ཡིན།

    བདེ་པོ་ཐང་པོ་བྱུང་ན་གཞི་ནས་བཀྲ་ཤིས་བདེ་ལེགས་ཡོང་ཐུབ། ཁྱིམ་ཚང་རེ་རེ་དང་མི་རེ་རེས་རང་རྟོགས་ཀྱིས་བྱ་བ་ཆུང་ཙག་རེ་བསྒྲུབས་ན་དུད་ཚང་ཁྲི་སྟོང་མང་པོར་ཕན་ཐོགས་ཡོང་ངེས། ཁྱིམ་དུ་བསྡད་དེ་ལོ་གསར་གཏོང་བ་ནི་གཅེས་སེམས་ལྡན་པ་ཞིག་ཀྱང་རེད།

    ལོ་རྒྱུས་ཀྱི་ཆུ་ཀླུང་དྲག་ཏུ་རྒྱུ། ཞི་འཇགས་ལ་གནས་པའི་དུས་ཡོད་ལ་རྦ་རླབས་དྲག་ཏུ་རྒྱུ་བའི་དུས་ཀྱང་ཡོད། ང་ཚོ་ཆར་རླུང་ལ་མི་སྐྲག་ལ་འགལ་རྐྱེན་ལ་དེ་བས་ཀྱང་མི་སྐྲག་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ད་དུང་ཡང་རྣ་ལམ་དུ་གྲགས་ཡོང་། ཏང་གི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོ་ལྷིང་འཇགས་ཞི་མཐུན་དང་བདེ་སྐྱིད་ཡ་རབས་ལྡན་པའི་འཚོ་བ་གསར་པར་རོལ་རྒྱུ་བྱུང་ཡོད། རིམས་ནད་འགོག་ཟོན་གྱི་དཀའ་ཚེགས་ཆེ་བའི་དུས་སུ་མི་ཚང་མ་རིམས་ནད་འགོག་པའི་ལས་དབང་གཅིག་མཐུན་ཚོགས་པ་ཡིན། ནད་དུག་འགོག་ཆེད། ད་ལོ་ང་ཚོ་ཁྱིམ་དུ་བསྡད་དེ་ལོ་གསར་གཏོང་བར་བྱ། སྐབས་འདིར་མཉམ་དུ་འཛོམས་མ་ཐུབ་པ་ནི་རྗེས་ལ་དེ་ལས་ལྷག་པའི་མཉམ་འཛོམས་ཡོང་བའི་ཆེད་དུ་རེད། ཚང་མ་བདེ་བར་གནས་ན། གཞི་ནས་བདེ་སྐྱིད་ཡུན་དུ་གནས་ངེས་རེད།  

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།