དགེ་བའི་ལས་ལ་བརྩོན་པ་ཆེན་པོས་འཇུག
རྒན་དར་གཞོན་གསུམ་རིས་མེད་དྲིན་གྱིས་སྐྱོང་།
དུས་ཐུང་མི་ཚེ་བུ་སློབ་གསོ་བར་བྲེལ།
ཆེན་པོའི་བྱ་གཞག་འདི་ལས་ལྷག་པ་མེད།
ཟླ་9པའི་ཚེས་7ཉིན། དགེ་རྒན་དུས་ཆེན་ཐེངས་35པ་འཆར་ལ་ཉེ་བའི་མཚམས་འདིར། ང་ཚོ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཆེད་མངགས་ལྷ་ས་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་སློབ་གསོའི་གྲོང་གི་ཡན་ལག་སློབ་གྲྭར་བསྐྱོད་ཅིང་། དགེ་རྒན་ཞིག་གི་ཉིན་གཅིག་གི་འཚོ་བ་བརྙན་དུ་ལེན་པའི་ལམ་ནས། སློབ་དཔྱོད་ཁང་གི་ཀྲུའུ་རེན་རྒན་སྤེན་པ་དབང་འདུས་ལགས་ལ་བཅར་འདྲི་ཞུས་ཏེ། སློབ་གསོ་སློབ་ཁྲིད་ཀྱི་འཐབ་ས་མདུན་མར་ཞུགས་བཞིན་པའི་དགེ་རྒན་ནམ་འཛིན་བདག་དཀྱུས་མ་ཞིག་གི་ཕྱག་ལས་ལ་རྒྱུས་ལོན་བྱས་པ་ཡིན།
ཞག་སྡོད་སློབ་གྲྭ་ཞིག་གི་འཛིན་བདག་ཡིན་པའི་ངོས་ནས། རྒན་སྤེན་པ་དབང་འདུས་ལགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་མ་ཚོར་རང་གི་ཤ་ལས་མཆེད་པའི་ཕྲུ་གུ་ལྟ་བུའི་བྱམས་སེམས་བཅངས་ཏེ། ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་མའི་འཚོ་བ་དང་སེམས་ཁམས་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། དེས་ན། ཕྲུ་གུའི་ཉལ་ཁང་དང་། ལུས་རྩལ་ཐང་། སློབ་ཁང་སོགས་ག་ས་ག་ནས་ཁོང་གིས་ཕྲུ་གྲུ་ཚོར་བྱམས་བརྩེའི་བཀའ་མོལ་དང་། ཁམས་བདེའི་འཚམས་འདྲི། ཤ་ཚའི་སློབ་གསོ་གནང་བ་ཡང་ཡང་མཐོང་རྒྱུ་ཡོད། ང་ཚོ་གསར་འགོད་པ་རྒན་ལགས་ཀྱི་སློབ་ཁྲིད་བྱེད་ཡུལ་འཛིན་གྲྭར་སྐྱོད་སྐབས། སློབ་མ་མང་པོས། རྒན་ལགས་ཀྱིས་རྣམ་ཀུན་ང་ཚོའི་ཆེད་དུ་སྐུ་ལས་ཧ་ཅང་མང་པོ་སྐྱོན་གྱི་ཡོད་ལ། ང་ཚོར་ཕ་མ་ལྟ་བུའི་བྱམས་སྐྱོང་གནང་གི་ཡོད། བྱས་ཙང་། ང་ཚོ་ཁོང་གི་སློབ་ཚན་ལ་དགའ་པོ་ཡོད་པ་མ་ཟད། ཁོང་རང་ཉིད་ལའང་ཧ་ཅང་དགའ་པོ་ཡོད་ཅེས་མ་གྲོས་གཅིག་མཐུན་ངང་རྗོད་བཞིན་འདུག
དགེ་བའི་བཤེས་གཉེན་ཞིག་ཡིན་པའི་ངོས་ནས། སློབ་ཁྲིད་མ་བྱས་གོང་། ཁོང་གིས་འཁྲིད་བྱའི་བསླབ་གཞིར་ནན་གྱིས་ཞིབ་འཇུག་གནང་ཐོག འཁྲིད་བྱའི་ཡུལ་གྱི་སློབ་མའི་དོན་དངོས་དང་ཟུང་དུ་འབྲེལ་ནས་ཁྲིད་ཟིན་འབྲི་བ་དང་། སློབ་ཁྲིད་དངོས་སུ་གནང་སྐབས་སློབ་དེབ་སྒྲོག་སྦྱང་བྱེད་པ་སོགས་ཀྱི་སྐྱོན་རིང་དུ་དོར་ནས། གསོན་ཉམས་དོད་ལ་ཆོབ་ཚ་བའི་སྐད་ཆར་བརྟེན་ནས་སློབ་ཁྲིད་གནང་གི་ཡོད་སྟབས། རྟག་ཏུ་སློབ་ཁྲིད་ཀྱི་ཕན་འབྲས་ཧ་ཅང་ལེགས་པོ་ཐོན་བཞིན་ཡོད། ཡང་སློབ་ཚན་ཁྲིད་ཚར་རྗེས། ཁོང་གིས་གཙིགས་སྣང་ཆེན་པོས་ཕྲུ་གུའི་སྦྱོང་ཚན་ལེགས་པར་བཅོས་ལ། སློབ་ཁྲིད་ཁྲོད་དུ་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་གང་ལེགས་དང་། ལྷག་པའི་གནད་དོན་ལ་བསམ་གཞིག་གཏིང་ཟབ་གནང་གི་ཡོད།
“ཁོང་ནི་དུས་རྒྱུན་ནས་སློབ་ཁྲིད་ཀྱི་ལས་ཀར་ཧུར་བརྩོན་ཆེ་བ་མ་ཟད། འཛིན་གྲྭའི་སློབ་མ་ཡོངས་ལ་འགན་སེམས་ཧ་ཅང་ཆེན་པོ་ཡོད”ཅེས་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁང་གི་ཀྲུའུ་རེན་ཉི་མ་ཕུན་ཚོགས་ལགས་ཀྱིས་གསུང་གི་འདུག
2009ལོར་རྒན་སྤེན་པ་དབང་འདུས་ལགས་ལྷ་ས་དགེ་འོས་ཆེད་ཚན་སློབ་གླིང་ནས་ཐོན་པ་ནས་བཟུང་། སྔ་རྗེས་སུ་ཁོང་ལ་སློབ་གྲྭ་རིམ་པའི་སློབ་ཁྲིད་འགྲན་བསྡུར་ནང་བྱ་དགའ་དང་པོ་ཁག་གཉིས་དང་གཉིས་པ་གཅིག་ཐོབ་པ་དང། ཁྲེང་ཀོན་ཆུས་རིམ་པའི་སློབ་ཁྲིད་འཆར་འགོད་འགྲན་བསྡུར་དང་སློབ་ཁང་སློབ་ཁྲིད་འགྲན་བསྡུར་ནང་བྱ་དགའ་རིམ་པ་དང་པོ་དང་གསུམ་པ་བཅས་ཐོབ་མྱོང་། དེ་བཞིན་རིམ་པ་མི་འདྲ་བའི་ཡིག་གཟུགས་འགྲན་བསྡུར་དང་། རྩོམ་ཡིག་གྱེར་འདོན་སོགས་ཀྱི་འགྲན་བསྡུར་ནང་དུ་ཡང་བྱ་དགའ་མི་ཉུང་བ་ཐོབ་མྱོང་འདུག གཞན་ཡང་། ཁོང་2013ལོར་དགེ་རྒན་གྱི་ཀུན་སྤྱོད་དཔེ་བཟང་བ་དང་། 2015ལོར་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར། 2019ལོར་སྔོན་ཐོན་སློབ་གསོའི་ལས་དོན་པ་སོགས་ལ་བདམས་འདུག གཟེངས་བསྟོད་དང་གཟི་བརྗིད་མཚན་སྙན་འདི་དག་ལས་ཀྱང་ཁོང་ནི་སློབ་ཁྲིད་ཀྱི་ལས་ལ་ཧུར་བརྩོན་ཆེ་བ་མ་ཟད། མི་རིགས་ཁག་དབར་མཐུན་སྒྲིལ་ཟབ་པ། སློབ་ཁྲིད་ཙམ་མ་ཟད་ཁྱབ་ཁོངས་གཞན་དུའང་འབྲས་བུ་ལེགས་པར་ཐོབ་པ་ཟུར་བལྟས་ལེབ་མཐོང་ཡོང་བཞིན་འདུག
མཚན་མོའི་ཆུ་ཚོད་བཅུ་པ་ཟིན་པ་དང་སྦྲགས། ཉལ་ཁང་གི་གློག་བསད་པས་སློབ་མ་རྣམས་རྨི་ལམ་གྱི་ཞིང་ཁམས་སུ་ཆས། དེས་ན། རྒན་སྤེན་པ་དབང་འདུས་ལགས་ཀྱིས་གཞི་ནས་ཉིན་གཅིག་གི་སློབ་གསོ་སློབ་ཁྲིད་ཀྱི་འཚོ་བར་རྗོགས་ཤད་ཅིག་བརྒྱབ་ཅིང་། ཁོང་གིས་ལྷོད་ལ་བབས་པའི་དབུགས་རིང་ཞིག་གཏོང་ཞོར་དུ་སློབ་གསོ་སློབ་ཁྲིད་ཀྱི་འཐབ་ས་མདུན་མར་ཞུགས་བཞིན་པའི་དགེ་རྒན་ནམ་འཛིན་བདག་ཚོའི་འཚོ་བ་ཕལ་ཆེར་འདི་འདྲ་རེད་ཅེས་གསུང་གི་འདུག དེས་ན། ང་ཚོས་ཁོང་དང་འདྲ་བའི་དགེ་རྒན་ནམ་འཛིན་བདག་ཡོངས་ལུས་ཁམས་བདེ་ཐང་དང་བྱ་བ་ལམ་ལྷོངས་ཡོང་བའི་བཀྲིས་སྨོན་འདུན་ཞུས་ཏེ། བཅར་འདྲི་ཡང་ཞུ་མཚམས་བཞག་པ་ཡིན། (གསར་འགོད་པ། སྟོབས་ལགས། སྤེན་པ། བདེ་སྐྱིད། བསྟན་འཛིན་རྒན་པ)