དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཀྱི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དོན་གྲུབ། བཀྲ་ཤིས་དཔལ་ལྡན། དབུན་ཁའེ། དཔལ་མཆོག བསོད་དབང་།   |     སྤེལ་དུས།  2017-08-25

    དབྱར་གཞུང་གི་གངས་དཀར་ཏི་སིའི་འདབས་རོལ་ན་ཆར་རྒྱུན་ཆད་རྒྱུ་མེད། རི་སྐེད་ཡན་སྨུག་སྤྲིན་གྱིས་གཏུམས། ས་བབ་མཐོ་ཚད་སྨི་4700ལྷག་ཡོད་པའི་གནས་འདི་ནས་སྐྱེ་བོའི་ཚོགས་ལ་གྲང་བའི་ཚོར་སྣང་ཅུང་ཙམ་སྟེར། དབྱར་དུས་ཀྱི་ཆར་ཆུ་འབེལ་བའི་དྲིན་ལས་འདི་གར་སྔོ་ལྗང་གི་སྤང་གཤོང་དང་ཁྲ་ཆིལ་གྱི་མེ་ཏོག་བཞད་ནས་འདིར་འདུས་སྐྱེ་བོའི་ཚོགས་ལ་ཉམས་དགའ་བའི་ཚོར་སྣང་ཞིག་ངང་གིས་སྦྱིན་འོངས།

    ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ། རྟ་དང་ཁལ་གཡག་གི་སིང་སིང་དྲིལ་བུའི་སྒྲ་དང་བསྟུན་ནས་གངས་སྐོར་རུ་དཔུང་ཞིག་གསར་འགོད་པའི་མིག་ལམ་དུ་འཆར། གྲང་འགོག་སྟོད་གོས་སེར་པོ་གཅིག་གྱུར་གྱོན་པའི་རྒྱ་གར་གྱི་གནས་སྐོར་བ་3གྱིས་རྟ་རེ་བཞོན་ཡོད་པ་དང་ཁལ་གཡག་གཅིག་ལ་ཁོང་ཚོའི་རྡོག་ཁྲེས་འགེལ་ནས་འདུག ཁོང་ཚོར་ཞབས་ཞུ་མཁོ་འདོན་བྱེད་མཁན་ནི་གངས་ས་གྲོང་ཚོའི་གྲོང་མི་གུ་རུ་རེད་འདུག

    གངས་སྐོར་ལམ་གྱི་ངལ་གསོའི་བསྟི་གནས་མཐའ་མ་རྫུ་འཕྲུལ་ཕུག་ཏུ་འབྱོར་དུས། གནས་སྐོར་བ་ཚོའི་ངོ་གདོང་ལས་ངལ་དུབ་དང་ཡིད་ཚིམས་འདྲེས་མའི་རྣམ་འགྱུར་ཞིག་མངོན་ཡོང་། ཕོ་ལོ་ཉི་ཤུ་ཡོལ་ཙམ་གྱི་གུ་རུའི་ངོ་གདོང་ནས་ངལ་དུབ་ཀྱི་སྣང་བ་དེ་ཙམ་མེད་པར་ཁོང་དང་རོགས་ཟླས་ཡང་ཤ་དོད་པོས་ཁལ་གཡག་གི་སྒལ་པ་ནས་རྡོག་ཁྲེས་ཕབ་པ་དང་རྒྱ་གར་གྱི་གནས་སྐོར་བ་བབ་ཚུགས་ཀྱི་ངལ་གསོ་ཁུལ་དུ་བསྐྱལ་རྗེས་སྟབས་བདེའི་གུར་དམར་པོ་ཆུང་ཆུང་དེ་སྡེར་ཐང་ཞིག་ཏུ་ཕུབ་ནས་ངལ་གསོ་རྩིས་བྱས། འདི་ལོ་གུ་རུས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲིད་ནས་གངས་སྐོར་དུ་ཐེངས་བཅུ་ལྷག་བསྐྱོད་པར་ཡོང་འབབ་ཀྱང་མི་ཉུང་བ་བྱུང་བ་མ་ཟད། ནང་མི་4ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཁང་བཟང་དུ་སྤོས་ཟིན་པ་དང་འཚོ་བའི་འཁོས་ཀ་ཡང་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།

    “གངས་སྐོར་དུ་ཐེངས་གཅིག་བསྐྱོད་པར་ཡོང་འབབ་སྒོར་2000ཙམ་ཟིན་གྱི་འདུག རང་ཉིད་ཀྱིས་དཀའ་བ་སྤྱད་ནུས་ན་ཕྱུག་པོ་ཆགས་མ་ཐུབ་པའི་སེམས་ཁྲལ་མི་འདུག་ལ། ངས་ནང་མི་ཚོ་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་སྐྱེལ་དུ་འཇུག་རྩིས་ཡོད”ཅེས་གུ་རུས་ཅུང་སྨུག་པོར་འགྱུར་བའི་ངོ་གདོང་ལས་རེ་བའི་འཛུམ་མདངས་འཕྱུར་བཞིན་བཤད།

    བགྲང་བྱ་ཉི་ཤུའི་འཕོ་འགྱུར།

    ཕ་ཚ་བུ་རྒྱུད་ནས་གངས་རིན་པོ་ཆེའི་འདབས་རོལ་དུ་འཚོ་སྡོད་བྱེད་པའི་བར་ག་ཤང་གངས་ས་གྲོང་ཚོའི་མི་རྣམས་ཀྱི་ངོས་ནས་བརྗོད་ན་འདི་ཁུལ་ནི་ཁོང་ཚོའི་འཚོ་གནས་བྱེད་ཁུལ་ཙམ་ཡིན་མོད། འོན་ཀྱང་བགྲང་བྱ་དུ་མའི་རིང་ཡུལ་སྐོར་བ་དང་གནས་སྐོར་བ་བགྲང་ལས་འདས་པས་གངས་དཀར་ཏི་སིའི་འཛུམ་ཞལ་མཇལ་ཕྱིར་དཀའ་བ་དུ་མ་ཁྱད་དུ་བསད་ནས་རི་ཀླུང་གྲངས་མེད་བརྒལ་ཏེ་འདི་ཕྱོགས་སུ་ཡོང་ནས་གངས་སྐོར་དུ་སྐྱོད་པ་ལས་གངས་ས་བ་ཚོར་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པའི་ལམ་བུ་ཞིག་རྙེད།

    ཉེ་བའི་ལོ་ཤས་རིང་། གངས་སྐོར་དུ་འགྲོ་བའི་ཡུལ་སྐོར་ཚ་རླབས་རྒྱུན་མཐུད་ནས་འཕྱུར་བ་ལས་གངས་ས་གྲོང་ཚོའི་མང་ཚོགས་ཚོས་ཡུལ་སྐོར་བར་ཞབས་ཞུ་མཁོ་འདོན་བྱེད་པའི་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་བཙུགས་ཏེ། སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་ནས་འུར་རྡོ་དོར་ཏེ་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པའི་ངོ་མཚར་གཏམ་རྒྱུད་རྩོམ་འགོ་ཚུགས།

    གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་རུ་ཁག་ལ་ད་བར་བགྲང་བྱ་20ལྷག་གི་འཕེལ་རྒྱས་ལོ་རྒྱུས་ལྡན་ཞིང་། དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར་གངས་ས་གྲོང་ཚོའི་གྲོང་མི་ཚོས་མི་དང་ཕྱུགས་རིགས་ཀྱིས་ཡུལ་སྐོར་བའི་རྡོག་ཁྲེས་དབོར་འགོ་བརྩམས་པ་ལས་ཡུལ་སྐོར་བར་སྟབས་བདེ་བསྐྲུན་པ་དང་ལྷན་དུ་རང་ཉིད་ལ་ཡང་ཡོང་འབབ་མང་དུ་ཕྱིན་པ་རེད། 1996ལོར་གྲོང་ཚོ་ཨུ་ལྷན་གྱིས་གྲོང་ཚོ་ཡོངས་ཀྱི་དུད་ཚང་88མ་རྐང་ནང་ཞུགས་སུ་བཅུག་པ་དང་དངུལ་སྒོར་ཁྲི་80ལྷག་གཡར་ནས་རྟ་ཉོ་བ་དང་ཁང་པ་བརྒྱབ་སྟེ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་རྣམ་པའི“གངས་ས་གྲོང་ཚོ་ཁལ་གཡག་སྐྱེལ་འདྲེན་རུ་ཁག”འཛུགས་རྒྱུའི་གཏན་འཁེལ་བྱས་པ་དང་། 2010ལོར་སྤུ་ཧྲེང་རྫོང་སྲིད་གཞུང་གིས་ཆོག་མཆན་སྤྲད་པ་བརྒྱུད། མཐུན་ཚོགས་རྣམ་པའི་ཐོག་ནས“གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས”བཙུགས།

    བགྲང་བྱ་20ལྷག་རིང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ལ་འཕོ་འགྱུར་ཆེན་པོ་ཕྱིན་པ་སྟེ། མིག་སྔར་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་370ལྷག་དང་། དུད་ཚང་304ཡི་མི་1042ཞུགས་པ། ཁལ་གཡག་མགོ་གྲངས་2084དང་རྟ་1042བཅས་ཡོད་པ་མ་ཟད། ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ལ་སྣེ་ལེན་ཞུ་ཡི་ཡོད་པས། ན་ནིང་ཡོང་འབབ་སྒོར་ཁྲི་947ཟིན་པ་ལས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་884.9བྱུང་བར་མི་རེར་ཆ་སྙོམས་འབབ་འཕར་སྒོར་8400ཟིན་པ་དང་མང་ཚོགས་དབུལ་པོ་154དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱས་ནས་ས་གནས་དེ་གའི་ཀ་རྟེན་ལྟ་བུའི་ཐོན་ལས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གཙོ་བོར་གྱུར་བ་རེད།

    གངས་ས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་པད་མས“ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཀྱིས་རེས་མོས་ལམ་ལུགས་སྤྱད་ནས་དུད་ཚང་རེའི་གྲོང་མིས་ལས་སྒྲུབ་ཚོགས་ཆུང་གི་ཙུའུ་ཀྲང་གི་སྣེ་ཁྲིད་འོག་སྐྱེལ་འདྲེན་ཞབས་ཞུའི་ནང་རེས་མོས་ཀྱིས་ཞུགས་ཀྱི་ཡོད་པས། ཚང་མར་འདྲ་མཉམ་ཐོག་ནས་འབབ་འཕར་ཡོང་གི་ཡོད”ཅེས་ཤོད་ཀྱི་འདུག

    ཕྱུག་འགྱུར་ལམ་བུར་མཉམ་དུ་སྐྱོད།

    ད་ཆའི་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཆོས་བློན་ཉི་མ་ནི་དཀའ་སྤྱད་ལས་བརྩོན་བྱས་ནས་ཕྱུག་འགྱུར་བྱུང་བའི་དཔེ་མཚོན་ཞིག་རེད།

    2000ལོར་དུས་རབས་གསར་པའི་སྐྱ་མདའ་གངས་ས་གྲོང་ཚོའི་ས་གཞིར་འཕྲོ་སྐབས། ཕོ་ལོ་30སོན་པའི་ཆོས་བློན་ཉི་མས་ཀྱང་འཚོ་བ་གསར་པ་བསུས་ཤིང་། ཁོང་གིས་ནར་མ་སོན་པའི་ཕྲུ་གུ་3དང་འཚོ་བའི་ཁུར་པོ་ལྗིད་པོ་ཕྲག་ཐོག་ཏུ་འཁུར་ནས་སྲོལ་རྒྱུན་གྱི་འབྲོག་ལས་དོར་ཏེ་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ལ་ཞུགས་པར་ལོ་དང་པོར་ཡོང་འབབ་སྒོར་2000བབས།

    བགྲང་བྱ་17རིང་། ཆོས་བློན་ཉི་མས་དྲག་ཆར་རླུང་འཚུབ་དང་ཉི་སྲེག་ཆར་རྡུང་ཁྲོད་ཡུལ་སྐོར་བ་ཁག་རེ་རེ་བཞིན་གངས་སྐོར་དུ་ཁྲིད་ནས་ངལ་དུབ་གྲངས་མེད་ཁྱད་དུ་བསད་པ་ལས་ཁྱིམ་གྱི་འཁོས་ཀའང་ཇེ་ལེགས་སུ་སོང་ནས་ན་ནིང་ཡོང་འབབ་སྒོར་ཁྲི་4ལྷག་བྱུང་བ་དང་། ད་ཆ་ཁྱིམ་དུ་ཁལ་གཡག་མགོ་གྲངས་14དང་རྟ་3ཡོད་པ་མ་ཟད། བུ་ཕྲུག་ཚོ་ཡང་བདེ་ཐང་ངང་འཚར་ལོངས་བྱུང་བཞིན་ཡོད་པ་རེད།

    སྒབ་ཟོར་ཡང་ལ་འཇོན་ཐང་ཆེ་བ་དང་སྒམ་ནན་ཆེ་བའི་ཁོང་ལ་གྲོང་མི་ཚོའི་ཁས་ལེན་གཅིག་ཏུ་ཐོབ། 2002ལོར་ཆོས་བློན་ཉི་མ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་དེ་རྗེས་གངས་ས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་བྱས། འདི་ལོའི་ཟླ་4པར་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཀྱི་ལམ་ལུགས་སྒྱུར་བ་དང་འདེམས་བསྐོའི་ཁྲོད་ཁོང་འོས་མི་17ནང་ནས་འབུར་དུ་ཐོན་ཏེ་སྐབས་གསར་པའི་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཀྱི་འགོ་ཁྲིད་ཚན་ཁག་གསར་པའི་གཙོ་བོར་གྱུར།

    ཆོས་བློན་ཉི་མ་འདྲ་བའི་མང་ཚོགས་དབུལ་པོ་ཕྱུག་འགྱུར་ཡོང་ཕྱིར། ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཀྱིས་ཉིན་རེའི་ལས་ཀའི་ནང་དུད་ཚང་དབུལ་པོ་སྔོན་ལ་བཀོད་སྒྲིག་བྱེད་པ་མ་ཟད། ད་དུང་སྒོར་ཁྲི་35བཏོན་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་དབུལ་པོ་38ལ་ནང་ཆས་དང་འཚོ་བའི་མཁོ་ཆས་སྤྲད་པ་དང་ཆབས་ཅིག ནན་ཞིང་ཁ་གསལ་བའི་གཏོང་ཡོང་དོ་དམ་ལམ་ལུགས་ལག་ལེན་བསྟར་ནས་ན་ནིང་གི་དོ་དམ་འགྲོ་གྲོན་སྒོར་ཁྲི་36.44ནས་དོ་དམ་པའི་གླ་ཆར་70%སྤྲད་པ་ཕུད། རང་གྲོང་ཚོའི་སློབ་མ་དབུལ་པོར་10%དང་། དུད་ཚང་དབུལ་པོར་ཟ་འབྲུ་དང་སྨན་རིན་10% འགན་ལེན་ལྔའི་དུད་ཚང་ལ་འཚོ་བའི་ཁ་གསབ་5% གནོད་འགོག་གེགས་སེལ་གྱི་འགྲོ་གྲོན་5%བཅས་སྤྲད་པ་རེད།

    “རང་ཉིད་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ལ་བརྟེན་ནས་ཕྱུག་འགྱུར་བྱུང་བ་ཞིག་ཡིན་པ་དང་། མ་འོངས་པར་གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་དེ་བས་སྟོབས་ཆེར་བཏང་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་རེ་བྱེད་ཀྱི་ཡོད”ཅེས་ཆོས་བློན་ཉི་མས་བཤད།

    ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་།

    སྤུ་ཧྲེང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཀྱི་ལས་སྒོའི་ཁྱབ་ཁོངས་ཀྱང་སྐྱེལ་འདྲེན་ཞབས་ཞུ་འབའ་ཞིག་ནས་ཕྱོགས་མང་པོར་རྒྱ་སྐྱེད་བཏང་སྟེ་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་།

    ཉེ་བའི་ལོ་ཤས་རིང་། ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཀྱིས་སྔ་རྗེས་སུ་གངས་སྐོར་ལམ་དུ་སྦྲ་གུར་མགྲོན་ཁང་དང་ཟ་ཁང་སོགས་ཞབས་ཞུའི་ས་ཚིགས་ཁག་18ཙམ་བཙུགས་པ་དང་། མ་རྩ་སྒོར་ཁྲི་30ལྷག་བཏང་ནས་བྱེ་རྡོ་ར་བ་དང་། ཨར་འདམ་ས་ཕག་བཟོ་གྲྭ དམངས་ཕན་ཚོང་ཁང་བཅས་གཉེར་བ་མ་ཟད། ད་དུང་སྒོར་ཁྲི་50ལྷག་བཏོན་ནས་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་སྐྲུན་བཞིན་པའི་དར་ཆེན་ཉོ་ཚོང་ལྟེ་གནས་ནས་ཚོང་ཁང་ཉོས་ཏེ་ས་གནས་དེ་གའི་ཁྱད་ལྡན་ཐོན་ཟོག་འཚོང་རྩིས་ཡོད་པ་རེད།

    བར་ག་ཤང་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཀྱིས་ལོ་ལྟར་ཡུལ་སྐོར་ཞབས་ཞུ་བའི་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་མང་ཚོགས་ལ་རྒྱ་སྐད་དང་དབྱིན་སྐད་ཀྱི་སྦྱོང་བརྡར་སྤྲས་ནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་། ལྷག་པར་དུ་ཕུལ་བྱུང་སློབ་གཉེར་བ་རྫོང་དང་ས་ཁུལ་དུ་ཟབ་སྦྱོང་ལ་བཏང་ནས་མང་ཚོགས་མི་ཐེངས་200ལྷག་གསོ་སྦྱོང་བྱས་པ་རེད།

    བར་ག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཡེ་ཤེས་ཚུལ་ཁྲིམས་ཀྱིས“གོམ་སྟབས་རྗེས་མར་གངས་སྐོར་གྱི་ཞབས་ཞུའི་ས་ཚིགས་18རིམ་སྤོར་སྒྱུར་བཀོད་བྱས་ཏེ་དེ་བས་ཡག་པའི་ཞབས་ཞུ་མཁོ་འདོན་དང་ཡོང་འབབ་ཇེ་མང་དུ་གཏོང་ཐབས་བྱ་རྩིས་ཡོད”ཅེས་བརྗོད།

    ཤེས་རྟོགས་བྱུང་བར། ཁལ་གཡག་སྐྱེལ་འདྲེན་རུ་ཁག་ལ་སྲོལ་རྒྱུན་བཟང་པོ་དེ་འདྲ་ཞིག་ཡོད་པ་སྟེ། རུ་མི་ཚང་མས་ཡུལ་སྐོར་བར་ཞབས་ཞུ་སྒྲུབ་པ་དང་ཆབས་ཅིག གངས་སྐོར་ལམ་གྱི་གད་སྙིགས་སྒྲུག་གི་ཡོད། སྡོམ་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལོ་རེར་སྐྱེལ་འདྲེན་རུ་ཁག་གིས་གད་སྙིགས་ཏུན་80ཙམ་གཙང་སེལ་བྱས་ཡོད། “གངས་རི་ང་ཚོའི་རེད་ལ། འཛམ་གླིང་གི་ཡང་ཡིན་པས། གངས་རིའི་འདབས་ཀྱི་གད་སྙིགས་གཙང་སེལ་བྱ་རྒྱུ་ནི་གངས་ས་བ་མི་རེ་ངོ་རེའི་འགན་འཁྲི་དང་འོས་འགན་ཡིན”ཞེས་ཆོས་བློན་ཉི་མས་ཤོད་ཀྱི་འདུག

    སྤུ་ཧྲེང་གི་སྐོར་གླེང་སྐབས། མི་ཚོས་འདི་གར་གནས་རི་དང་ལྷ་མཚོ་ཡོད་པ་ཤེས་ཀྱི་ཡོད་ལ། གངས་ས་གྲོང་ཚོའི་སྐོར་གླེང་སྐབས། འདི་གར་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུ་ལྟེ་གནས་ཡོད་པ་ཀུན་གྱིས་ཤེས་ཀྱི་ཡོད། བགྲང་བྱ་20ལྷག་གི་ལོ་རྒྱུས་ལྡན་པའི་ཁལ་གཡག་སྐྱེལ་འདྲེན་རུ་ཁག་དེ་རེས་འཁོར་གསར་པའི་སྒྱུར་བཅོས་རིམ་སྤོར་བྱས་རྗེས་གསོན་ཤུགས་གསར་པ་རྒྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།