དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • པདྨ་འོད་འབར། ལེའུ་དང་པོ།

  • ཡོང་ཁུངས།  ​ བོད་ལྗོངས་འཕྲིན་དྲ།   |     རྩོམ་པ་པོ།  ཉང་བྲན་ལྷ་མོ་ཚོགས་པས་འཁྲབ་སྟོན་བྱས།   |     སྤེལ་དུས།  2015-07-23

    སྲོལ་རྒྱུན་ལྷ་མོ་པདྨ་འོད་འབར་གྱི་འཁྲབ་གཞུང་གི་ནང་དོན་མདོར་བསྡུས།

    པདྨ་འོད་འབར་ཞེས་པའི་འཁྲབ་གཞུང་འདི་ནི་ལྷ་སྒྲུང་གི་རྣམ་པ་ལྡན་པ་ཞིག་ཡིན་པ་དང་།  ལོ་ལྟར་ཞོ་སྟོན་སྐབས་སུ་སྐྱོར་མོ་ལུང་ལྷ་མོ་ཚོགས་པས་འཁྲབ་སྟོན་བྱེད་པའི་འཁྲབ་གཞུང་གཙོ་གྲས་ཤིག་ཡིན།  འཁྲབ་གཞུང་འདིའི་ནང་དོན་གཙོ་བོ་ནི་རྒྱལ་པོ་ལོག་པའི་མཆོད་སྦྱིན་གྱི་བློན་པོ་ཚོང་དཔོན་ནོར་བཟང་ཞེས་ཚོང་ལས་མཁས་ཤིང་འཇོན་ཐང་ཆེ་བ་ཞིག་ཡོད་པ་དེ་རྒྱལ་པོ་རང་གི་གོང་ལ་ཤོར་དོགས་ནས་མཐའ་གླིང་རྒྱ་མཚོ་ཅན་ལ་ནོར་དུ་ལེན་དུ་བཏང་བས།  ནོར་བཟང་རྒྱལ་པོའི་བཀའ་ལྡོག་མ་ནུས་པར་མཐའ་གླིུང་རྒྱ་མཚོ་ཅན་དུ་ཕྱིན་ནས་ལོག་རྒྱུ་མ་བྱུང་།  དེ་ནས་མི་རིང་བར་ཡུམ་ལྷ་སྲས་བྲམ་ཟེར་བུ་ཞིག་འཁྲུངས་པས་མཚན་ལ་པདྨ་འོད་འབར་ཞེས་གསོལ།  བུ་དེ་ནི་ཆུང་ངུའི་དུས་ནས་གང་ཅིར་ཕ་ལས་ལྷག་པ་ལྟ་དུ་ཞིག་བྱུང་།  དོན་དེ་མུ་སྟེགས་རྒྱལ་པོས་ཤེས་ནས་པདྨ་འོད་འབར་ཡང་རྒྱལ་པོའི་གོང་དུ་ཤོར་དོགས་ཀྱིས་ཡབ་ཚོང་དཔོན་ནོར་བཟང་ལྟར་མཐའ་གླིང་རྒྱ་མཚོ་ཅན་ནས་ནོར་བུ་ལེན་དུ་བཏང་།  འོན་ཀྱང་པདྨ་འོད་འབར་ལ་མཁའ་འགྲོ་སྡེ་ལྔས་བརྡ་སྔགས་གནང་སྟེ་རྒྱ་མཚོ་ཅན་ནས་ནོར་བུ་དགོས་འདོད་ཀུན་འབྱུང་བཞེས་ཏེ་ལོག་ཕེབས་པས།  མུ་སྟེགས་རྒྱལ་པོ་དེ་བས་བློ་མི་བདེ་བར་གྱུར་ཏེ་མཐའ་བཤན་པའི་ལག་ཏུ་སྤྲད་ནས་མེར་བསྲེག་གཏོང་བར་བཏང་ཡང་།  ཁོང་གི་རྣམ་ཤེས་མཁའ་འགྲོ་སྡེ་ལྔས་བཀུག་སྟེ་མེ་ཏོག་པདྨའི་ནང་ནས་འཁྲུངས་པར་བྱས།  དེ་ནས་མཁའ་འགྲོ་སྡེ་ལྔས་རྒྱལ་པོ་ལོག་པའི་མཆོད་སྦྱིན་དང་བདུད་བློན་རྐང་མགྱོགས་གཉིས་གསེར་སླང་ནང་མཁའ་དབྱིངས་སུ་བཏེགས་ཏེ་སྲིན་བུའི་ཡུལ་དུ་ཡུགས་ནས་སྲིན་བུ་རྣམས་ཀྱིས་བཟས།  པདྨ་འོད་འབར་སླར་ཡང་པདྨའི་ནང་ནས་འཁྲུངས་སྟབས་མཚན་ལ་གུ་རུ་ཨོ་རྒྱན་ཞེས་གསོལ།  དུས་དེ་ནས་བཟུང་ཡུལ་དེར་ནག་ཕྱོགས་བདུད་ཀྱི་བསྟན་པ་བསྣུབས་ཏེ་དཀར་ཕྱོགས་དགེ་བའི་ལས་རྣམས་དར་བར་བྱས་ནས་དགའ་བདེའི་དཔལ་ལ་ལོངས་སུ་སྤྱོད་པའི་སྐོར་རོ།།


    --    --

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།