དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ལུག་ཤ་ཕོན་ཆེན་ཤུགས་འགྲེམས་མེ་འཁོར་བརྒྱུད་ཡུལ་གཞན་དུ་ཐོག་མར་བཙོངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-29

    ཉེ་ཆར་ཤུགས་འགྲེམས་མེ་འཁོར་ཐེངས་D2720ཡི་ནང་མཚོ་སྔོན་གྱི་ལུག་ཤ་ཚུད་པའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཏུན་2.4དང་དྲ་ཐོག་ཚོང་དོན་གྱི་མྱུར་སྐྱེལ་དངོས་ཟོག་བླུགས་ཏེ་ཟི་ལིང་འབབ་ཚུགས་ནས་ཐོན་ཞིང་། དེ་ནི་མཚོ་སྔོན་གྱིས་ཤུགས་འགྲེམས་མེ་འཁོར་གྱི་སྔོན་མངགས་འཁོར་སྒྲོམ་ཐོག་མར་སྤྱད་དེ་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སོས་པ་ཕོན་ཆེན་དབོར་ཐེངས་དང་པོ་རེད།

    ཟི་ལིང་འབབ་ཚུགས་ཀྱི་ཚུགས་སྟེགས་ནས་གསར་འགོད་པས་ཐུམ་སྒྲིལ་བརྒྱབ་ཟིན་པའི་ལུག་ཤ་སྒམ་བཅུ་ཕྲག་ཁ་ཤས་ལས་དོན་པས་གོ་རིམ་ལྡན་པའི་ངང་ཤུགས་འགྲེམས་མེ་འཁོར་གྱི་འཁོར་སྒྲོམ་དུ་བླུགས་པ་མཐོང་བྱུང་། དེ་གོང་མཚོ་སྔོན་གྱི་ལུག་ཤ་གཙོ་བོ་གཞུང་ལམ་གྱི་གྲང་ཕྲེང་དང་ལྕགས་ལམ་གྱི་མྱུར་ཚད་སྤྱིར་བཏང་གི་མེ་འཁོར་ལ་སྐྱེལ་འདྲེན་བྱེད་ཀྱི་ཡོད་ཅིང་། བར་བརྒྱུད་ལྷུ་ཚིགས་མང་བ་དང་། ལམ་བར་གྱི་དུས་ཚོད་རིང་བ། ཟད་གྲོན་ཆེ་བ་བཅས་ཀྱི་དབང་གིས་གཞི་ཁྱོན་ཆེན་པོས་ཡུལ་གཞན་དུ་སྐྱེལ་འདྲེན་བྱེད་པར་ཚོད་འཛིན་ཐེབས་ཡོད། “བཅུ་གཅིག་ཟུང”གི་དྲ་ཐོག་ཉོ་ཚོང་བྱེད་མང་བའི་དུས་ལ་དམ་འཛིན་དང་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་གནད་སྨིན་ཞུ་ཆེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ཀྲུང་གོ་ལྕགས་ལམ་མྱུར་སྐྱེལ་མ་རྐང་ཚད་ཡོད་ཀུང་སི་མཚོ་བོད་ཡན་ལག་ཀུང་སི་དང་མཉམ་འབྲེལ་ཐོག་ཟོག་འགྲུལ་འགན་སྲུང་བྱེད་སྟངས་གསར་གཏོད་བྱས་ནས་ཤུགས་འགྲེམས་མེ་འཁོར་གྱི་སྔོན་མངགས་འཁོར་སྒྲོམ་གྱི་སྐྱེལ་འདྲེན་ལམ་སྲོལ་ཐོག་མར་སྤྱད་དེ། མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་ལྷག་མ་དེ་དངོས་ཟོག་སོས་པ་སྐྱེལ་འདྲེན་བྱེད་ནུས་སུ་བསྒྱུར་བ་དང་མྱུར་བགྲོད་ལྕགས་ལམ་གྱི་མྱུར་འདྲེན་ལེགས་ཆ་བཏོན་ཏེ་ལུག་ཤ་དང་། ཡུལ་ཟོག དྲ་ཐོག་ཚོང་དོན་གྱི་མྱུར་སྐྱེལ་དངོས་ཟོག་སོགས་ནུས་ཆེ་དང་བདེ་འཇགས་ཀྱི་སྒོ་ནས་ཡུལ་གཞན་དུ་དབོར་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། “མཚོ་སྔོན་ནས་ཡུལ་གཞན་དུ་དབོར་བའི”དངོས་ཟོག་ཁག་དང་པོ་ཉེ་ཆར་ཤིས་ཨན་དུ་འབྱོར་བ་དང་དེ་རྗེས་འཕྲལ་མར་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་གཏོང་རྒྱུ་རེད། ཟི་ལིང་ནས་ཤིས་ཨན་བར་གྱི་ལམ་ཐག་ཧྲིལ་པོའི་སྐྱེལ་འདྲེན་དུས་ཡུན་ཆུ་ཚོད་4དང་སྐར་མ་14བར་ཐུང་དུ་ཕྱིན་པ་དེ་གཞུང་ལམ་གྲང་ཕྲེང་གི་སྐྱེལ་འདྲེན་དང་བསྡུར་ན་མངོན་གསལ་དོད་པོས་ཐུང་དུ་སོང་ནས་བཟའ་བཅའི་བྲོ་བ་སོས་པ་ཉར་གང་ཐུབ་བྱུང་བའི་ཁར་ས་མཐོའི་ཐོན་རྫས་སོས་པ་ཐག་རིང་དུ་དབོར་བའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཡོད། མཚོ་བོད་ཚོགས་པ་ཀུང་སིས་ཐོན་རྫས་སྐྱེལ་འདྲེན་བྱེད་ཐེངས་ཐོག་མའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ཏེ་སྐྱེལ་འདྲེན་གྱི་བརྒྱུད་རིམ་མུ་མཐུད་ལེགས་སུ་དང་སོས་ཉར་སྡེབ་སྐྱེལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དག་མྱུར་བགྲོད་ལྕགས་ལམ་ནས་མྱུར་འདྲེན་བྱེད་ཐབས་རྒྱུན་རྣམ་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། མྱུར་བགྲོད་ལྕགས་ལམ་དང་ཞིང་སྐྱོར་ཟུང་འབྲེལ་གྱི་སྐྱེལ་འདྲེན་རྣམ་པ་བརྒྱུད་ས་མཐོའི་ཞིང་འབྲོག་ཐོན་རྫས་མཚོ་སྔོན་ནས་ཡུལ་གཞན་དུ་དབོར་བའི་ཕྱིར་ཚོང་གི་འཁོར་འབྲེལ་བགྲོད་ལམ་སྔར་བས་ཤར་གཏོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།