མཚོ་བོད་ལྕགས་ལམ་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་སྒྱུར་གཏིང་ཟབ་ཡོང་བར་རམ་འདེགས་བྱས་པ།
—— ལོ་ཉི་ཤུ་རིང་གི་ས་མཐོའི་རྣམ་པ་གསར་པར་བདེན་དཔང་བྱས་པའི་སྐོར་བཀོད་པ།
ཁ་བ་བུ་ཡུག་འཚུབ་པ་དང་གྲང་ཟུག་ཧ་ཅང་ཆེ་བས་འདོན་འཇུག་རུ་ཁག་གི་རུ་དཔོན་གཞོན་པ་ཚེ་དབང་གིས་སྟོད་གོས་ཀྱི་གོང་བ་རུབ་ཙམ་བཟོས། དེ་ཁུལ་ནི་ས་བབ་སྨི་4500ཡོད་པའི་ནག་ཆུའི་ལྕགས་ལམ་ཟོག་འདྲེན་ར་བ་རེད།
“ལོ་འདི་དག་ནང་དངོས་ཟོག་གི་གྲངས་འབོར་དང་སྣ་ཁ་ཇེ་མང་དུ་ཕྱིན་ཡོད” འདོན་འཇུག་ལས་འགན་ལྕི་རུ་སོང་ནའང་ཚེ་དབང་གི་སེམས་ནང་དགའ་ཚོར་ཆེན་པོ་སྐྱེ་ཡི་ཡོད།
མཚོ་བོད་ལྕགས་ལམ་ཉིན་མཚན་མེད་པར་འཁོར་རྒྱུག་བྱས་རྐྱེན། ལ་ཀླུང་ཇི་ཙམ་བརྒལ་དགོས་རུང་ལམ་ཐག་རིང་བའི་ཚོར་སྣང་མེད་ལ། དངོས་ཟོག་ཀྱང་ཧ་ཅང་འབེལ་དུ་ཕྱིན་ཡོད། 2006ལོའི་ཟླ་7ཚེས་1ཉིན་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ཚུན། རིམ་རྩིས་བརྒྱབ་ན། མཚོ་བོད་ལྕགས་ལམ་ཐོག་བོད་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་ཏུན་དུང་ཕྱུར་1ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད།
བར་མི་ཆད་པའི་མི་དང་དངོས་ཟོག་དེ་དག་མཚོ་བོད་ལྕགས་ལམ་ལ་བརྟེན་ནས་ཕྱོགས་གཉིས་སུ་འཁོར་རྒྱུག་ཐུབ་ནས། གངས་ལྗོངས་ས་མཐོར་འགུལ་ནུས་རབ་ཏུ་འཕེལ་ཡོད།
མི་ཤུགས་གཅིག་ཏུ་བསྡུས་ཤིང་ལས་རྣམ་རིམ་སྤོར་བྱུང་བ།
ཟི་ལིང་མེ་འཁོར་འབབ་ཚུགས་འགྲུལ་སྐྱེལ་འཁོར་ཁང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སུང་ཅུན་ཧུའུ་ཡིས། 2006ལོའི་གོང་ཟི་ལིང་མེ་འཁོར་འབབ་ཚུགས་ནས་ཉིན་རེར་ཆ་སྙོམས་མེ་འཁོར་གཏོང་ཐེངས་ཆ་བཅུ་ཡང་ཟིན་གྱི་མེད་པ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱང་ཆིག་སྟོང་ཉིས་སྟོང་ལས་ཟིན་གྱི་མེད། ད་ཆ་ཟི་ལིང་འབབ་ཚུགས་ཀྱིས་ལོར་འགྲུལ་པ་མི་ཐེངས་ཁྲི་1035སྐྱེལ་འདྲེན་བྱེད་ཀྱི་ཡོད་ཅེས་བཤད།
“མཁའ་ལམ”ཤར་གཏོང་ཐུབ་རྗེས། བོད་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་བསུས་ཤིང་། 2025ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་7073.37ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་10.71%འཕར་བ་དང་། ཡུལ་སྐོར་གྱི་འགྲོ་སོང་དངུལ་འབོར་སྒོར་དུང་ཕྱུར་816.81ཟིན་པ་དེ་དུས་མཚུངས་ལས་9.5%འཕར་ཡོད། ལོ་20ཡི་རིང་། བོད་ཀྱིས་ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ལྡབ་39ཙམ་འཕར་བ་དང་ཡུལ་སྐོར་ཡོང་འབབ་ལྡབ་42ཙམ་འཕར་ཡོད།
ལྷ་སའི་འབབ་ཚུགས་ནུབ་མའི་ལྕགས་ལམ་ཟོག་འདྲེན་ར་བར་མཚོ་བོད་གཞུང་ལམ་ཐོག་གི་ཐལ་རྡུལ་འགོས་པའི་རླངས་འཁོར་ཆུང་གྲས་སྟར་པ་རེ་རེ་བཞིན་བཞག་ཡོད།
“ལོ་འདི་དག་རིང་། ཟོག་འདྲེན་ར་བར་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་གྱི་སྒེར་འཁོར་ཇེ་མང་དུ་འགྲོ་གི་འདུག” ཟོག་འདྲེན་ར་བར་ལས་ཀ་བྱས་ནས་ལོ་19སོང་བའི་ཀྲང་ཁོ་ཕིང་གིས། “ལོ་ལྟར་ཟླ་6པ་ནས་9པའི་བར་གཙོ་བོ་སྒེར་འཁོར་བཏང་ནས་བོད་དུ་ཡོང་མཁན་གྱི་རླངས་འཁོར་དབོར་འདྲེན་བྱེད་ཀྱི་ཡོད་པ་དང་། ལོ་འགོ་ལོ་མཇུག་ལ་བོད་དུ་ལས་ཀ་བྱེད་མཁན་དང་། ཚོང་པ། གླ་པ་རྒྱུག་མཁན་བཅས་ཕ་ཡུལ་དུ་ལོག་མཁན་མང་ཚོགས་སྐྱེལ་འདྲེན་བྱེད་ཀྱི་ཡོད”ཅེས་བཤད།
ཞབས་ཞུ་འདིའི་དགེ་མཚན་ཆེ་ཤོས་ནི་སྟབས་བདེ་པོ་ཡོད་པ་དེ་རེད། ལྷ་ས་འབབ་ཚུགས་ནུབ་མའི་ཟོག་འགྲུལ་ཁང་གི་འགན་འཁུར་བ་ཝུའུ་ཧའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལག་ཐོགས་ཁ་པར་གྱི་མཐེབ་གཅིག་་མཁོ་སྒྲུབ་མནན་ཙམ་བྱས་ཚེ་ཆེད་མངགས་རླངས་འཁོར་ལེན་པར་ཡོང་མཁན་ཡོད་པ་དང་། “འབྱོར་མ་ཐག་བླུགས་ཏེ་དགོང་མོ་དེ་རང་ལ་དབོར་གྱི་ཡོད་ལ། རླངས་འཁོར་ཚང་མར་ཆེད་དམིགས་འགན་བཅོལ་ཡང་ཡོད”
ད་ཆ་ས་མཐོའི་ཡུལ་སྐོར་དེ་དཀའ་ཚེགས་ཆེན་པོས་ལ་བརྒྱབ་ཀླུང་བརྒལ་བྱེད་པ་ནས“འགྲོ་ཆོག་ཆོག་ཡོད་པ་དང་བག་ཕེབས་ངང་ཁྱིམ་དུ་ལོག་པའི”འགྲུལ་བཞུད་དུ་གྱུར་ཡོད།
དེ་དག་ནི་འགྲུལ་སྐྱེལ་དང་ཟོག་འདྲེན་མེ་འཁོར་གྱི་གྲངས་འབོར་དེ་མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་དུས་ཀྱི་ཆ་5ནས་ཆ་17བར་མང་དུ་ཕྱིན་པ་དང་། ལྷ་ས་འབབ་ཚུགས་ནུབ་མའི་ཟོག་འདྲེན་ར་བར“ཉིན་གཉིས་གསུམ་ལ་མེ་འཁོར་ཐེངས་རེ”གཏོང་བ་ནས་དུས་དང་རྣམ་པ་ཀུན་ཏུ་འདོན་འཇུག་བྱེད་པའི་བར་གྱི་འགྱུར་ལྡོག་དང་བོད་ཀྱི་ལྕགས་ལམ་གྱི་རྨང་གཞི་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་ལས་བྱུང་བ་ཞིག་རེད།
ལམ་ཤར་གཏོང་ཐུབ་པ་དང་མི་མང་དུ་སོང་བས་ས་མཐོའི་རིག་གནས་ཡུལ་སྐོར་ཡང་རྒྱུན་མཐུད་རིམ་སྤོར་དང་གསར་བརྗེ་བྱུང་ཡོད།
2024ལོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས《རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》བཀྲམ་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཀ་རྟེན་ཐོན་ལས་དང་དམངས་འཚོའི་ཐོན་ལས་སུ་གཏན་འཁེལ་བྱས་པ་རེད།
ད་ལོའི་དུས་ཚིགས་དང་པོར། ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་འབྲས་ལེགས་གཉེར་གྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། མཁའ་འགྲུལ་ཡུལ་སྐོར་གྱི་སྐྱེལ་འདྲེན་ཡོང་འབབ་16.7%འཕར་བ་དང་། དམངས་སྲོལ་གནས་ཚང་གི་ཞབས་ཞུ་69.5%འཕར་བ། རིག་རྩལ་གསར་རྩོམ་དང་འཁྲབ་སྟོན་65.2%འཕར་བ། རྒྱན་ཆའི་བཟོ་རྩལ་ཐོན་རྫས་དང་དེ་བཞིན་ཉར་ཚགས་དངོས་རྫས་སྡེབ་ཚོང་76.3%འཕར་བ་བཅས་བྱུང་ནས། ཐོན་ལས་ཀྱི་ལས་རྣམ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད།
ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་སྟེ་བཀག་སྡོམ་ནས་སྒོ་དབྱེ་བར་འགྱུར་ལྡོག་བྱུང་བ།
མེ་འཁོར་འཁོར་སྒྲོམ་32ནང་གི་ཅ་དངོས་ཏུན་1407ཐད་ཀར་ལྷ་སའི་འབབ་ཚུགས་ནུབ་མར་འབྱོར་བ་ལས། 2026ལོའི་ཟླ་6ཚེས་12ཉིན་མཚོ་སྔོན་ཧྲོང་ཀྲའེ་འབབ་ཚུགས་ནས་ཐོན་པའི“མཁའ་ལམ་མྱུར་བགྲོད་མེ་འཁོར”དེས་མཚོ་བོད་ལྕགས་ལམ་གྱི་བོད་སྐྱོད་ཟོག་འདྲེན་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ལོ་20ཡི་རིང་། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་བོད་ལ་དངོས་ཟོག་གཏོང་འདྲེན་བྱེད་ཚད་ལོ་རེ་བཞིན་བརྟན་པོའི་ངང་འཕར་ནས། 2006ལོའི་ཏུན་ཁྲི་36.1ནས་2025ལོའི་ལོ་མཇུག་གི་ཏུན་ཁྲི་831.3བར་འཕར་ཏེ། ལོར་ཆ་སྙོམས་འཕར་ཚད་18.0%ཟིན་ཡོད།
ལྷ་སའི་འབབ་ཚུགས་ནུབ་མའི་ཟོག་འདྲེན་ར་བའི་ལས་མི་ཀྲང་ཁོ་ཕིང་2007ལོར་སློབ་གྲྭ་ཐོན་མ་ཐག་དེ་གར་ལས་ཀར་སླེབས་ཡོད། “སྐབས་དེ་དུས་སྣ་ཁ་ཧ་ཅང་ཉུང་ཉུང་ཡིན་པར་གཙོ་བོ་ཨར་འདམ་དང་གཏེར་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་དངོས་ཟོག་དང་འཚོ་བའི་དངོས་ཟོག་ཉུང་ཤས་ལས་མེད་པ་རེད”ཅེས་ཁོང་གིས་བརྗོད།
ད་ཆ་ལྷ་སའི་འབབ་ཚུགས་ནུབ་མའི་ཟོག་འདྲེན་ར་བར་ལོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་642.9ཟིན་པ་དེ་ལོ་20ཡི་གོང་ལས་ལྡབ་20ཙམ་འཕར་ཡོད་པ་དང་། ས་བཟུང་གི་རྒྱ་ཁྱོན་ཤར་གཏོང་ཐུབ་མ་ཐག་པའི་སྨི་ངོས་གྲུ་ཁྲི་32ནས་སྨི་ངོས་གྲུ་ཁྲི་67བར་རྒྱ་ཆེར་ཕྱིན་ཡོད་པ། འདོན་འཇུག་གི་ལམ་ཐིག་4ནས་11བར་མང་དུ་ཕྱིན་པ་བཅས་རེད།
མཚོ་བོད་ལྕགས་ལམ་ལ་བརྟེན་ནས་ཐོན་རྫས་ཡག་པོ་བོད་ནས་ཐོན་པའི་གསལ་ཐོ་ཇེ་མང་དུ་སོང་བ་སྟེ། ཐོག་མའི་གཏེར་ཕྱེ་དང་ལྕགས་རྡོ་ནས་ད་ཆའི་གཏེར་ཆུ་དང་། ཚགས་ཤ། ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་བར་ལོར་ཏུན་ཁྲི་12.4ནས་ཏུན་ཁྲི་140.5བར་འཕར་བ་དང་། དེ་སྔའི་སྣ་ཁ་བཅུ་གྲངས་ནས་50ལྷག་ཙམ་བར་མང་དུ་སོང་ཡོད་པ་རེད།
སྐྱེལ་འདྲེན་ལམ་བུ་རྒྱལ་ནང་དང་སྦྲེལ་མཐུད་ཐུབ་ལ་ཕྱི་རྒྱལ་དང་ཡང་སྦྲེལ་ནས་བོད་ཀྱིས་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཟམ་མི་ཆད་པར་འདོན་བཞིན་ཡོད།
ལྷ་སའི་འབབ་ཚུགས་ནུབ་མའི་དངོས་ཟོག་ར་བར་ཕྱིར་གཏོང་རླངས་འཁོར་ཆུང་གྲས་བླུགས་པའི་མེ་འཁོར་གྲ་སྒྲིག་ཨང་གསར་གྱིས་ནེ་པ་ལར་ཐོན་རྩིས་བྱེད་བཞིན་ཡོད། 2021ལོའི་ཟླ་12པར། “མཚོ་སྔོན་གྱི་མཚོ་ཤར་ནས་བོད་ལྗོངས་གཞིས་རྩེ་བར་དང་། དེ་ནས་ནེ་པ་ལ་བར”སྐྱོད་པའི་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་ཐོག་མ་དེས་དངོས་ཟོག་ཏུན་1350ལྷག་ཙམ་བླུགས་ནས་ཀ་ཏ་མན་རྡུར་དབོར་བ་དང་། 2025ལོར་གཞིས་རྩེའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐེངས་12བཏང་བར་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་2.3ལྷག་ཙམ་ཟིན་ཡོད།
ད་ལོའི་ལོ་སྟོད་དུ། བོད་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས“ཐོན་གསར་གསུམ”ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.37ཟིན་པ་དེ་དུས་མཚུངས་ལས་64.5%འཕར་ཡོད།
ནང་སྐྱེས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་བས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ།
ལྷ་ས་འབབ་ཚུགས་ནུབ་མའི་དངོས་ཟོག་ར་བའི་འཁྲིས་ཀྱི་སེར་མ་གྲོང་ཚོ་དེ་ལོ་རེ་ལས་མ་འདས་པར་འགྱུར་ལྡོག་འགྲོ་བ་ཀྲང་ཁོ་ཕིང་གིས་མིག་མཐོང་ལག་ཟིན་བྱུང་ཡོད།
“2006ལོར་དེ་གར་དུད་ཚང་འགའ་ཁ་ཐོར་དུ་གནས་པ་དང་། དེར་སྡོད་མཁན་ཞིང་པ་མིན་ན་འབྲོག་པ་ཡིན་ངེས” ད་ཆ་སེར་མ་གྲོང་ཚོར་ཟོག་འགྲེམས་ཀུང་སི་བཙུགས་ནས་ཡུལ་མིས་འདོན་འཇུག་དང་། གད་འཕྱིད། ཟོག་འགྲེམས་བཅས་ཀྱི་ལས་ཀ་བྱེད་ཀྱི་ཡོད། “དེ་གར་སྡོད་མཁན་ཚང་མར་ཐོག་བརྩེགས་ཅན་གྱི་སྒོ་ར་རང་འགྲིག་རེ་ཡོད་པས་འཚོ་བ་གྲོང་ཁྱེར་དང་ཁྱད་པར་ཆེན་པོ་མེད”ཅེས་ཁོང་གིས་བརྗོད།
ནག་ཆུ་ལྕགས་ལམ་གྱི་དངོས་ཟོག་ར་བར་ལས་ཀ་བྱས་ནས་ལོ་20སོང་བའི་ཚེ་དབང་གིས་མཐོང་བའི་བག་ཆགས་ཟབ་ཤོས་ཀྱི་དངོས་ཟོག་ནི། སྔོན་ཆད་བསམ་པའི་ཡུལ་དུའང་འཁོར་མི་མྱོང་བའི་སྒྲིག་ཆས་ཆེན་པོ་དག་ཡིན།
“སྒྲིག་ཆས་ཆེ་གྲས་དབོར་ཚད་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་ཚེ་དབང་གིས་བཤད། འཚོ་བའི་དངོས་ཟོག་ནས་རླངས་འཁོར་དང་། གློག་རྡུལ་ཐོན་རྫས། འོད་ཤུགས་ལྷུ་ལག བཟོ་ལས་འཛུགས་སྐྲུན་གྱི་རྒྱུ་ཆ་སོགས་བར། བོད་དུ་དབོར་བའི་དངོས་ཟོག་ཉིན་རེ་བཞིན་མང་དུ་འགྲོ་བ་ལས་ས་མཐོའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་མངོན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་བར། བོད་དུ་བསྐྲུན་ཟིན་པའི་གློག་ཤུགས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1300ལྷག་ཙམ་ཟིན་པས་མ་ཚད་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་ཁྱོན་གློག་འདོན་ཚད་ཆན་ཝ་ཁྲི་3300ལྷག་ཙམ་ཟིན་པ་དང་། ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་96%ཡན་ཟིན་པ་དེ་གློག་གཏོང་འབོར་གྱི་100%ཙམ་ཟིན་ནས་དམིགས་ཚད་གཉིས་པོ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
མཚོ་བོད་ལྕགས་ལམ་གྱིས་གངས་ལྗོངས་ས་མཐོར་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་རྒྱུན་མཐུད་ངང་བསྒྱུར་ནས། སྐྱེ་ལྡན་ཞིང་འབྲོག་ལས་དང་། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། སྐྱེ་ཁམས་ཡུལ་སྐོར་སོགས་ལེགས་ཆའི་ཐོན་ལས་ཀྱིས་གཙོས་པའི་ལྗང་མདོག་ཐོན་ལས་མ་ལག་ཅིག་བསྐྲུན་ཡོད། བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་ཕྲག་གི་སྐས་རིམ་གཉིས་ལས་བསྟུད་མར་བརྒལ་ཡོད།
མེ་འཁོར་གྱིས་བདེ་སྐྱིད་ལྡན་པའི་འཚོ་བའི་གཏམ་རྒྱུད་གླེང་བཞིན་རི་ཀླུང་བརྒལ་ནས་ཤར་རེར་རྒྱུག་པ་དང་། ལྕགས་ལམ་ཡང་ད་དུང་འདིང་བཞིན་ཡོད་པས། གངས་ལྗོངས་ས་མཐོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་བཏོད་དང་གཏོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།