སྡེ་ཚན་མང་པོས་མཉམ་དུ་སྨན་རྫས་དཀོན་རིགས་ཀྱི“འགན་ལེན་དྲ་བ”ཚགས་དམ་དུ་བཏང་བ།
ཉེ་ཆར། གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་དུས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྨན་རྫས་དཀོན་རིགས་མཁོ་སྤྲོད་འགན་ལེན་ལས་དོན་གྱི་མཉམ་གྲོས་མཉམ་འགུལ་ལམ་སྲོལ་གྱི་ཁོངས་མིའི་ཚན་པ་ཁག་གིས་སྡེ་ཚན་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྨན་རྫས་དཀོན་རིགས་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ས་གནས་ལ་སྨན་རྫས་དཀོན་རིགས་ཀྱི་ཆ་འཕྲིན་ལ་ཞིབ་དཔྱད་དང་ཁ་གཏད་གཅོག་པར་མཛུབ་ཁྲིད་བྱས་ཏེ། དུས་བཀག་ལྟར་མཉམ་འགུལ་ལམ་སྲོལ་གྱི་ཚན་པ་ཁག་དང་ས་གནས་ལ་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་བྱེད་ཚུལ་བརྡ་ཁྱབ་བཏང་ཞིང་། བཟོ་འཕྲིན་ཅན་པུའུ་ཡིས་ནད་ཐོག་སྨན་བཅོས་ལ་མེད་དུ་མི་རུང་བའི་སྨན་རྫས་དཀོན་རིགས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཚུལ་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་བྱས་ཤིང་། དབྱེ་ཞིབ་བྱས་ནས་སྔོན་བརྡ་བཏང་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་རྫས་དཀོན་རིགས་ཀྱི་རིན་གོང་དང་སྡེབ་སྐྱེལ་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་བྱས་པ་རེད། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་སྨན་རྫས་དཀོན་རིགས་ཀྱི་རྨང་གཞིའི་ཆ་འཕྲིན་མཚོན་རྟགས་དང་གྲངས་གཞི་གསར་བརྗེས་བྱས་ནས་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་ཆ་འཕྲིན་དང་ཐོན་སྐྱེད་བྱེད་མཚམས་འཇོག་པའི་སྙན་ཞུ་འཚོལ་བསྡུ་བྱས་པ་རེད།
སྨན་ཁབ་ཧོན་ལིན་ཤན་ཨན་མཁོ་སྤྲོད་མི་འདང་བའི་གནས་ཚུལ་ལ་ཁ་གཏད་གཅོག་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་ཁ་གཏད་གཅོག་ཐབས་དང་ཐག་གཅོད་བྱེད་འགོ་བཙུགས་ནས་སྡེ་ཚན་མང་པོ་དང་མཉམ་དུ་འགན་ལེན་བྱ་ཐབས་ཞིབ་འཇུག་བྱས་པ་དང་། བཟོ་འཕྲིན་ཅན་པུའུ་ཡིས་གཟའ་འཁོར་རེར་བཀོད་གཏོང་ལམ་སྲོལ་བཙུཌ་ནས་རྒྱལ་ནང་གི་ད་ཡོད་ཧོན་ལིན་ཤན་ཨན་ཐོན་སྐྱེད་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་མང་དུ་གཏོང་བར་སྐུལ་འདེད་བཏང་བ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ས་གནས་ལ་རྒྱལ་ནང་གི་འབྲེལ་ཡོད་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་སྨན་ཁབ་ཧོན་ལིན་ཤན་ཨན་དྲ་འཇུག་བྱེད་པར་མཛུབ་ཁྲིད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།