ལོ་ཕྱེད་ནང་ཝུའུ་ཧན་གྱི་ཉིས་སྟོང་ནང་སྐྱེས་ཀྱི་ལས་གཏོད་ཚོགས་པ་ཞིག་གི་ཀུང་སིའི་གཞི་ཁྱོན་ལྡབ་འཕར་བྱུང་བ།
རིག་ནུས་སྒམ་ཆུང་ཞིག་གིས་ལས་རིགས་20ལྷག་ཙམ་ལ་ཞབས་འདེགས་ཞུ་བ།

འདི་ནི་པིང་ལུང་ཀྲི(གཡས)དང་། ཁྲང་ཡོན་ཧོ(དཀྱིལ) ཏིང་ཀྲེན་ཡུས(གཡོན)བཅས་ཀྱིས་ལས་སྒོ་སྤེལ་རེས་བྱེད་བཞིན་པ།
ཧུའུ་པེའི་ཝུའུ་ཧན་དུ། མོ་ཐའེ་གཡོད་ཆན་ཚན་རྩལ་ཚད་ཡོད་ཀུང་སིར་བརྙན་ལམ་ཚོགས་འདུ་ཞིག་འཚོག་བཞིན་ཡོད། བརྙན་ལམ་གྱི་སྣེ་མོ་གཞན་ཞིག་ནི་ཕྱི་རྒྱལ་གྱི་ཟོག་འགྲུལ་ཀུང་སི་ཞིག་གི་བཀོད་གཏོང་ལྟེ་གནས་རེད། མི་རིང་བའི་གོང་ཕྱི་རྒྱལ་ཀུང་སི་དེས་རླངས་འཁོར་གྱི་ལམ་ཐིག་འཆར་འགོད་བྱེད་སྐབས་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཡང་། ད་ཆ་རིག་ནུས་ལ་བརྟེན་ནས་མ་གནས་ཕྱེད་ཀ་ཙམ་ཆག་ཡོད།
མོ་ཐའེ་གཡོད་ཆན་ཀུང་སི་ནི་ཉིས་སྟོང་ནང་སྐྱེས་ཀྱི་ཕོ་གཞོན་གསུམ་གྱིས་བཙུགས་པ་ཞིག་རེད། དབུ་བཞུགས་ལག་བསྟར་དཔོན་པིང་ལུང་ཀྲི་ད་ལོ་ལོ་26ལ་སླེབས་པ་དང་ཝུའུ་ཧན་སློབ་ཆེན་གྱི་གློག་རྡུལ་ཚོང་དོན་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། ཁོང་གིས་ལོ་18ནས་ལས་གཏོད་བྱེད་འགོ་བཙུགས། དབུ་བཞུགས་གཉེར་སྐྱོང་དཔོན་ཁྲང་ཡོན་ཧོ་དང་དབུ་བཞུགས་ལག་རྩལ་དཔོན་ཏིང་ཀྲེན་ཡུས་གཉིས་ཀ་ཝུའུ་ཧན་སློབ་ཆེན་གྱི་རྩིས་འཁོར་སློབ་གླིང་འགྲིམ་བཞིན་པའི་སློབ་མ་ཡིན་པ་དང་། ཁོང་གཉིས་པོས་མཉམ་དུ་གསར་སྤེལ་བྱས་པའི་མི་ཐབས་རིག་ནུས་ཡོ་ཆས་དེར་ལོ་ཕྱེད་ནང་ཐོ་འགོད་བྱེད་མཁན་ཁྲི་བརྒྱ་ལྷག་ཙམ་ཟིན་མྱོང་ཡོད།
ལས་གཏོད་དཔུང་རོགས་གསུམ་པོ་ནི་སློབ་ཆེན་ནང་ངོ་ཤེས་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་མོའི་ཐོན་རྫས་ཆེ་གྲས་ཐོན་འགོ་ཚུགས་པ་དང་། ཁོང་ཚོར་མི་ཐབས་རིག་ནུས་ལག་རྩལ་གྱིས་ལས་རིགས་མང་པོར་མཐུན་རྐྱེན་སྦྱོར་ཐུབ་ངེས་ཡིན་པའི་གདེང་ཚོད་ཀྱིས་ཁེངས་ཡོད།
བློ་ཁ་མཐུན་པའི་དཔུང་རོགས་གསུམ་གྱིས་རང་སོ་སོའི་རྩལ་ནུས་ངོམས་ཤིང་། པིང་ལུང་ཀྲི་ཡིས་འཐབ་ཇུས་འཆར་འགོད་དང་། ཁྲང་ཡོན་ཧོ་ཡིས་ཐོན་རྫས་ཇུས་འགོད་སྣེ་ཁྲིད། ཏིང་ཀྲེན་ཡུས་ཀྱིས་ལག་རྩལ་ཞིབ་སྤེལ་གྱི་འགན་འཁུར་གྱི་ཡོད། 2023ལོའི་ཟླ་8པར་མོ་ཐའེ་གཡོད་ཆན་ཀུང་སི་ཝུའུ་ཧན་ཀོང་ཀུའུ་རུ་བཙུགས་པ་རེད།
སྐབས་དེ་དུས་ཚོགས་པའི་དེ་སྔའི་ལས་གཏོད་རྣམ་གྲངས་དེ་བཙོངས་མ་ཐག་ཡིན་པ་དང་། ཀུང་སི་གསར་པ་བཙུགས་ནས་ཟླ་བ་གཉིས་ལྷག་ཙམ་སོང་རྗེས་མ་འཇོག་བྱེད་མཁན་བྱུང་ཡོད། བསམ་ཡུལ་ལས་འདས་པར་དངོས་ཡོད་ལག་ལེན་ལ་ཞུགས་སྐབས་ཁོང་ཚོར་ཚོད་བགམ་ནན་པོ་འཕྲད་པ་སྟེ། མི་ཐབས་རིག་ནུས་ལག་རྩལ་སྤྱད་དེ་ཁེ་ལས་ཀྱི་ཐོན་སྐྱེད་ལ་མཐུན་རྐྱེན་སྦྱོར་བའི་བསམ་ཚུལ་དེ་དངོས་ཡོད་ལག་ལེན་ལས་ཁ་བྲལ་བའི་ཁར། ཁྲོམ་ར་དང་ལག་རྩལ་ཚང་མ་བྱང་ཆུབ་པོ་མེད་པར་བརྟེན་ཁེ་ལས་མང་པོས་ཚོད་ལྟ་བྱེད་འདོད་བྱེད་ཀྱི་མེད་པས། ཚོགས་པ་དེ་སྐབས་ཤིག་རིང་དཀའ་ངལ་གྱི་གནས་སུ་གྱར་ཡོད།
“ང་ཚོ་ན་གཞོན་ཚོར་འཚོ་བའི་ཁུར་པོ་ལྕི་པོ་མེད་པས་ཕམ་ཁར་གཏན་ནས་མི་སྐྲག” དཀའ་ཚེགས་ཆེ་ཤོས་འཕྲད་སྐབས་སུའང་པིང་ཡུས་ལུང་གིས་བློས་གཏོང་གཏན་ནས་བྱས་མེད།
ནོར་འཁྲུལ་ཡོ་བསྲང་བྱེད་པའི་གདེང་ཚོད་ནི་ཕྱོགས་ཁག་གི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཝུའུ་ཧན་སློབ་ཆེན་གྱིས་སློབ་མའི་ལས་གཏོད་ཚོགས་པར་སྐྱོང་གསོའི་ལས་སྟེགས་མཁོ་འདོན་བྱས་པ་དང་། ཀོང་ཀུའུ་ཡིས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་གསར་གཏོད་ཁེ་ལས་ལ་རྩིས་ནུས་གཟིགས་སྐྱོང་དང་ཤེས་ལྡན་པ་ནང་འདྲེན་གྱི་སྲིད་ཇུས་མཁོ་འདོན་བྱས་པ། གཞུང་ཁོངས་དང་སྤྱི་ཚོགས་ཀྱི་མ་རྩས་ལག་རྩལ་ཞིབ་སྤེལ་དང་ཐོན་རྫས་དོན་འཁྱོལ་ལ་འགག་རྩའི་སྒུལ་ཤུགས་བསྣན་ཡོད།
གོ་སྐབས་བཟང་པོ་མགྱོགས་པོ་སླེབས་པ་སྟེ། རྒྱལ་ཐོན་དཔེ་དབྱིབས་ཆེན་མོའི་ལག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ཏེ་ཀུང་སིས་ཁ་ཕྱོགས་སྔར་བས་བརྟན་དུ་བཏང་ནས་རིག་ནུས་མང་བའི་མཉམ་ལས་སོགས་ཀྱི་ལག་རྩལ་ལ་ཞིབ་འཇུག་བྱས་པ་རེད། ཏིང་ཀྲེན་ཡུས་ཀྱིས། ད་ཆ་ཀུང་སིའི་ཐོན་རྫས་གྲངས་འཛིན་ཅན་གྱི་ལས་མིར་བརྩི་ཆོག་པས་ཁེ་ལས་ཀྱི་རྒྱུན་གཏན་གཞུང་ལས་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ཐད་ཀའི་ཁྱབ་ཁོངས་ལ་དམིགས་ནས་ལས་རིགས་ཀྱི་དཀའ་གནད་སེལ་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
“དཔེར་ན། གློག་འདྲེན་ཕྱེད་གཟུགས་ཀྱི་ཐུམ་སྒྲིལ་ལ་ཞིབ་དཔྱད་ཚད་ལེན་བྱེད་སྐབས། ལས་མིས་སྤུས་བཤེར་འཕྲུལ་ཆས་བཀོལ་སྤྱོད་བྱེད་དུས་ཞིབ་བཤེར་ཆད་ལུས་དང་ནོར་ཉེན་ཡོད། ང་ཚོས་སྤྱོད་མཁན་གྱི་སྤུས་བཤེར་མ་ལག་ནང་རིག་ནུས་མ་ལག་བཅུག་ཚེ་རང་འགུལ་ཅན་གྱི་ཞིབ་དཔྱད་ཚད་ལེན་ཞིབ་ཚགས་ཐུབ་ནས་ནོར་བ་དང་ཆད་ལུས་ཀྱི་སྣང་ཚུལ་ཉུང་དུ་འགྲོ་སྲིད” ཁྲང་ཡོན་ཧོ་ཡིས་དཔེ་བཞག་པ་ལྟར་ན། ཨར་སྐྲུན་བློ་འདྲིའི་ལས་རིགས་སུ་དེ་སྔ་གཟའ་འཁོར་གཅིག་ནས་གཉིས་བར་རྩིས་སྤྲོད་ཐུབ་པའི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ་ཞིག་རིག་ནུས་མ་ལག་གིས་དུས་ཚོད་ཐུང་ཐུང་ནང་ལེགས་གྲུབ་ཐུབ་ཀྱི་ཡོད།
མོ་ཐའེ་གཡོད་ཆན་ཀུང་སིའི་ཐོན་རྫས་འགྲེམས་ཁུལ་དུ་ཡོད་པའི་ཆེ་ཆུང་མི་འདྲ་བའི་སྒམ་ཆུང་ཞིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་དོན་གང་ཡིན་ནམ།
“ང་ཚོས་རིག་ནུས་ལས་སྟེགས་དང་། གྲངས་གཞི། ཤེས་བྱ་བཅས་རིག་ནུས་སྒམ་ཆུང་ནང་མཉམ་འདུས་བྱས་ནས་སྤྲིན་རྩིས་དཔེ་དབྱིབས་གསར་ཤོས་ཀྱི་རྩིས་རྒྱག་ནུས་པ་སྤྱོད་ཀྱི་ཡོད”ཅེས་ཏིང་ཀྲེན་ཡུས་ཀྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། མཉེན་ཆས་དང་མཁྲེགས་ཆས་གཞི་གཅིག་ཅན་གྱི་རིག་ནུས་སྐྱེ་མཆེད་ཐོན་རྫས་དེས་གྲངས་གཞིའི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་རིག་ནུས་སྐྱེ་མཆེད་མང་པོ་ཞིག་མཐུན་སྦྱོར་གཞོགས་འདེགས་བྱས་ནས་དཔེ་དབྱིབས་མང་བའི་ཤེས་བྱ་ལས་ཀའི་ནུས་པར་བསྒྱུར་ཏེ་རྙོག་འཛིང་ཆེ་བའི་ལས་སྒོའི་གནད་དོན་ཐག་གཅོད་བྱེད་ཐུབ་ཅེས་བརྗོད།
ད་ལོ་ལས་རིགས་ཁག་གི་མི་ཐབས་རིག་ནུས་ཕྱོགས་སྒྱུར་གྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་བསྟུན་ནས་མོ་ཐའེ་གཡོད་ཆན་ཀུང་སི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀུང་སིའི་གཞི་ཁྱོན་ལོ་ཕྱེད་ནང་ལྡབ་འཕར་བྱུང་བ་དང་ཞབས་འདེགས་ཞུ་བའི་ཁེ་ལས་གྲས་སུ། གྱོན་ཆས་དང་། ལས་གྲྭ ཆུ་བེད། མ་འཇོག་སོགས་ལས་རིགས་20ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད། ཀུང་སིས་ད་དུང་མི་ཐབས་རིག་ནུས་ཀྱི་ལས་གཏོད་པར་དྲ་ཐོག་ནས་སྒོ་དབྱེའི་སྡེ་ཁུལ་གྱི་ལས་སྟེགས་བཏོད་དེ་ཐོན་ལས་ཀྱི་སྐྱེ་ཁམས་སྐྱེད་སྲིང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།