དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ན་གཞོན་དགེ་རྒན་སྲི་ཆོད་ཀྱིས།

    ཁྲིད་སྟེགས་ཆུང་ཆུང་ལེགས་པར་བསྲུངས། “བཞི་ལྡན”དགེ་རྒན་བྱེད་པར་བརྩོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-29

    ལོ་8གོང་། སྲི་ཆོད་རྣམ་གླིང་ནས་ཡུལ་གཞན་དུ་སློབ་སྦྱོང་བྱེད་པར་བསྐྱོད་ཅིང་། ལོ་4ཡི་གོང་སློབ་གྲྭ་ཐོན་ནས་ཕ་ཡུལ་དུ་ལོག་སྟེ་སློབ་ཁྲིད་ལས་ལ་ཞུགས། ད་ཆ་ཁོང་སློབ་མ་ཚོས་དགའ་པོ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ཞིག་ཏུ་གྱུར། ཁོང་གི་འཚར་ལོངས་བརྒྱུད་རིམ་ལས་རྣམ་གླིང་རྫོང་གི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པར་མངོན་ཐུབ།

    སློབ་ཁྲིད་ཀྱི་ལས་གནས་ལ་ཞུགས་པའི་ཐོག་མའི་དུས་སུ་ཁོང་ལ་སློབ་ཁྲིད་ཀྱི་ཉམས་མྱོང་མི་འདང་བ་དང་སློབ་མའི་གནས་ཚུལ་ལ་རྒྱུས་མངའ་མེད་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད། དེར་བརྟེན་སློབ་གྲྭས་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་རྒན་གྲས་བཀོད་སྒྲིག་གིས་ཁོང་ལ་བརྒྱུད་རོགས་ཁྲིད་གསུམ་བྱས་པ་མ་ཟད། སློབ་དཔྱོད་གསོ་སྦྱོང་དང་ལས་གནས་སྤེལ་རེས་སོགས་ཀྱི་ལམ་སྲོལ་བརྒྱུད་འཚར་ལོངས་ལ་མཐུན་རྐྱེན་སྦྱར་ཡོད། ཁོང་གིས་ཁེངས་སྐྱུང་ངང་བཀའ་སློབ་ཞུ་བ་དང་། ནན་ཏན་ངང་ཟབ་སྦྱོང་བྱེད་པ། སློབ་ཁྲིད་བྱེད་སྟངས་ལ་ཞུན་བརྡར་བཅས་བྱས་ཤིང་། དགེ་རྒན་གཞན་གྱི་སློབ་ཚན་ཉན་པ་དང་སློབ་ཁྲིད་ཀྱི་ཐབས་ལམ་ལ་དཔྱད་བསྡུར་ཡང་ཡང་བྱས་ཏེ་ཞན་ཆ་བསལ་བ་བརྒྱུད། རིམ་བཞིན་ཉམས་མྱོང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། མཐར་སློབ་ཐོན་འཛིན་གྲྭ་གཅིག་སློབ་མཐར་ཕྱིན་པ་རེད།

    “ངས་བལྟས་ན་དགེ་རྒན་ཡག་པོའི་ཚད་གཞི་ནི‘བཞི་ལྡན’རེད། ངས་ཀྱང་ཚད་གཞི་དེར་གཞིགས་ནས་རང་ཉིད་ལ་བླང་བྱ་འདོན་པ་དང་རང་ཉིད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སློབ་གསོ་དང་སློབ་ཁྲིད་ལས་ལ་དེ་བས་བྱང་ཆུབ་པར་བྱེད་ཀྱི་ཡོད། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། ངའི་བསམ་པར་སློབ་གསོའི་ཐོག་མའི་བསམ་འདུན་ནི་དཔེ་ཁྲིད་མི་སྐྱོང་དེ་ཡིན་པ་དང་། སློབ་ཁྲིད་ཕུད་དེ་བས་གལ་ཆེ་བ་ནི་སློབ་མར་དྲང་ཕྱོགས་ཀྱི་ཁྲིད་སྟོན་ཡག་པོ་བྱས་ནས་ཁོང་ཚོར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་རོགས་བྱ་རྒྱུ་དེ་རེད”ཅེས་བཤད།

    སྲི་ཆོད་ཀྱི་འཚར་ལོངས་ནི། ཁོང་མི་སྒེར་གྱི་འབད་བརྩོན་དང་ཁ་འབྲལ་ཐབས་མེད་ལ། དེ་བས་རྣམ་གླིང་རྫོང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་རྣམ་གླིང་རྫོང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དེ་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ནས་2026ལོ“དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལོར”གཏན་འཁེལ་བྱས་ཤིང་། དགེ་རྒན་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། ལས་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། སྐྱོང་གསོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། རང་ས་ཅན་དང་ཆེད་ལས་ཅན་གྱི་གཞི་རིམ་དགེ་རྒན་དཔུང་ཁག་ཧུར་ཐག་བཏོད་ཡོད། སྲིད་ཇུས་ཀྱི་ཐུགས་ཁུར་དང་སློབ་གྲྭའི་གསོ་སྐྱོང་འོག་སློབ་མ་མང་པོ་ཕ་ཡུལ་དུ་ལོག་ནས་སློབ་གསོའི་ལས་ལ་གཞོལ་བ་དང་། ས་མཐོའི་འཆད་སྟེགས་ལ་གཞི་ཚུགས་པའི་ཕ་ཡུལ་སྐྱོང་མཁན་དང་སློབ་མ་གསོ་སྐྱོང་གི་རྐང་འཛིན་པར་གྱུར་ཞིང་། སྲི་ཆོད་ནི་དེའི་གྲས་ཤིག་རེད།

    སློབ་གསོ་འཕེལ་རྒྱས་ཀྱི་ཕན་འབྲས་ནི་སློབ་མ་འཚར་ལོངས་ཀྱི་ཐད་ནས་མངོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་རྣམ་གླིང་རྫོང་གི་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། ནང་སའི་བོད་ལྗོངས་དམའ་རིམ་སློབ་འབྲིང་དུ་ཚུད་པའི་སློབ་མའི་གྲངས་འབོར་ལོ་བཞི་བསྟུད་མར་འཕར་ཡོད་ཅིང་། 2023ལོའི་སློབ་མ་26ནས་2026ལོའི་སློབ་མ་57བར་འཕར་ཡོད། 2026ལོར་འབྲིང་རྒྱུགས་ལ་སླར་ཡང་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། རྣམ་གླིང་རྫོང་གི་སློབ་འབྲིང་2ཀྱི་རྒྱུགས་སྤྲོད་སློབ་མ་1493ཚང་མ་རྒྱུགས་ལ་ཞུགས་པ་དང་། ཞུགས་ཚད་99.5%ལྷག་ཙམ་ཟིན་ལ། རྫོང་ཡོངས་ཀྱི་ཆ་སྙོམས་སྐར་གྲངས་503.38ཟིན་ཏེ། སྤྱི་ཡོངས་ཀྱི་སློབ་ཁྲིད་མི་སྐྱོང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

    སྲི་ཆོད་ཀྱི་འཚར་ལོངས་བརྒྱུད་རིམ་ནི་རྣམ་གླིང་རྫོང་གི་རྒྱ་ཆེའི་གཞོན་ནུ་དགེ་རྒན་ཚོས་ས་མཐོར་གཞི་ཚུགས་ནས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བའི་བསྡུས་རིས་ཤིག་རེད། ཁོང་གིས་བསྲུངས་བའི་འཆད་སྟེགས་དེས་རྫོང་ཁོངས་ཀྱི་སློབ་གསོའི་བྱ་གཞག“སློབ་གྲྭ་འགྲིམ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོ་ཞིག་འགྲིམ་པའི”བར་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བའི་དཔང་པོ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།