དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་ཆུ་གཞུང་སྡེ་ཁུལ་གྱིས་མཉམ་སྡེབ་ཐོན་ཁུངས་གང་འགབ་ཅི་སྤྱོད་ཀྱིས་དམངས་འཚོའི་བྱ་བ་ཡག་པོ་བསྒྲུབས་པ།

    ལྷད་མེད་བརྩེ་བ་བཅངས་ནས་དམངས་ལ་ཕན་བདེ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-29

    འདི་ནི་སྐྱིད་ཆུ་གཞུང་སྡེ་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོར་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་བྱ་ཡུལ་དུ་འཕྲལ་སྡོམ་རོགས་སྐྱོབ་འཆད་ཁྲིད་དགེ་རྒན་གྱིས་སྦྱོང་བརྡར་ནང་ཞུགས་མཁན་ལ་མི་མེད་གནམ་གྲུ་སྤྱོད་སྟངས་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་སྐྱིད་ཆུ་གཞུང་སྡེ་ཁུལ་གྱིས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནང་སྦྱོང་བྱེད་སྒོ་སྤེལ་ནས་སྡེ་ཁུལ་གྱི་ལས་དོན་པ་དང་གྲོང་མི་མང་ཚོགས་ཀྱི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བཞིན་པ།

    འདི་ནི་གྲོང་མིས་སྐྱིད་ཆུ་གཞུང་སྡེ་ཁུལ་གྱི་རྐང་རྩེད་སྤོ་ལོའི་ཐང་དུ་འགྲན་བསྡུར་བྱེད་བཞིན་པ།

    2023ལོའི་ཟླ་11པར་སྒོ་བྱང་བཀལ་ནས་བཙུགས་ཚུན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་སྐྱིད་ཆུ་གཞུང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས། ཁོངས་གཏོགས་ཁུལ་གྱི་བེད་མེད་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། མཉམ་སྡེབ་ཡོང་འབབ་རྣམས་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་དམངས་འཚོའི་བདེ་རྩ་ཆེར་གཏོང་ཐད་སྤྱོད་པ་བཅས་བྱས་ཏེ། རླངས་འཁོར་འཇོག་ས་དང་། གྲོང་མིའི་བྱེད་སྒོ་ཁང་། སྤྲོ་འཕེལ་གར་སྟེགས། སྒར་ས། འཕྲལ་སྡོམ་རོགས་སྐྱོབ་ས་ཚིགས་སོགས་དམངས་ཕན་ཞབས་འདེགས་ཞུ་ས་ཁག་གཅིག་སྔ་རྗེས་སུ་བསྐྲུན་པ་རེད། སྡེ་ཁུལ་གྱིས་ཕྱོགས་གཅིག་ནས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་སེམས་ནུས་ཡོད་རྒུས་མང་ཚོགས་ཉེ་འགྲམ་གྱི་དམངས་འཚོའི་དོན་ཆུང་ཡག་པོ་བསྒྲུབས་ཏེ། འཕེལ་རྒྱས་ཀྱི་ཁེ་སྤོགས་ལས་ཁོངས་གཏོགས་ཁུལ་གྱི་གྲོང་མི་ཚང་མར་ཕན་པ་ཐོབ་པར་བྱས་ཡོད།

    སྒོ་བྱང་བཀལ་ནས་བཙུགས་ཚུན། སྡེ་ཁུལ་གྱིས་སྔ་རྗེས་སུ་བེད་མེད་དུ་ལུས་པའི་ས་ཆ་ཁག་9གང་འགབ་ཅི་སྤྱོད་དང་ཚུར་བསྡུ་བྱས་ནས། སྡེ་ཁུལ་གྱིས་གཉེར་བའི“སྐྱིད་སྐྱིད”རླངས་འཁོར་འཇོག་ས་རབ་དང་རིམ་པ་བཟོས་པར་རླངས་འཁོར་འཇོག་གནས་1300ལྷག་ཙམ་ཟིན་ཡོད། རླངས་འཁོར་འཇོག་སར་གཙང་སྦྲ་བ་དང་བདེ་སྲུང་བ་བཀོད་སྒྲིག་བྱས་ཏེ་རྟག་ཏུ་སྐོར་ཞིབ་ལས་རེས་བྱེད་པ་དང་། དེའི་ནང་གི་རླངས་འཁོར་འཇོག་ས་3དུ་ཁ་འཁྲུད་ལག་བཤལ་བྱེད་ས་དང་། ཆུ་འཐུང་ས། གློག་གསོག་སྒྲིག་ཆས་བཅས་མཉམ་དུ་བསྒར་ནས་ས་གནས་དེ་གའི་གྲོང་མིའི་རྒྱུན་གཏན་གྱི་རླངས་འཁོར་འཇོག་པའི་དགོས་མཁོ་དང་བོད་དུ་འཁོར་གཏོང་ཡུལ་སྐོར་ལ་ཡོང་མཁན་གྱི་དགོས་མཁོ་བསྐངས་ཡོད།

    ཚད་ལྡན་ཅན་གྱི་རླངས་འཁོར་འཇོག་ས་མང་པོ་བཟོས་པ་དེས་ཁོངས་གཏོགས་ཁུལ་གྱི་རླངས་འཁོར་འཇོག་པའི་སྒྲིག་ལམ་ལེགས་སུ་ཕྱིན་པ་མ་ཟད། མཉམ་སྡེབ་ལའང་རྒྱུན་མཐུད་འབབ་འཕར་བྱུང་ནས་གཅིག་གོ་ཉིས་ཆོད་བྱུང་ཡོད། སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་། སྤྱི་གླིང་གི་ད་ཡོད་རྐང་འཁོར་ལམ་སྤྱད་དེ“སྐྱིད་སྐྱིད་གཟིགས་འཁོར”26བཀོད་སྒྲིག་བྱས་ནས། དམངས་ཕན་འགྲུལ་བཞུད་སོགས་ཀྱི་ཁྱད་ལྡན་ཞབས་ཞུ་བསྒྲུབས་ཡོད། སྡེ་ཁུལ་གྱིས་གཉེར་སྐྱོང་ཚད་ལྡན་དང་། ལམ་ཐིག་ལེགས་གཏོང་། ཞབས་ཞུའི་སྤུས་ཚད་མཐོར་གཏོང་བཅས་ཡག་པོ་བྱས་ནས། ཁོངས་གཏོགས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་། མཉམ་སྡེབ་དཔལ་འབྱོར་གྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ་གྲོང་མིའི་སྤྲོ་གསེང་དང་ཡུལ་སྐོར་བ་ཉེ་འཁོར་དུ་སྤྲོ་གསེང་བྱེད་སྐབས་སྐྱིད་སྣང་དོད་པོ་དང་སྟབས་བདེ་པོ་ཡོང་བར་བྱས་ཡོད།

    གསར་འགོད་པས་སྡེ་ཁུལ་གྱི་ལས་དོན་པ་དང་མཉམ་དུ་གཙང་འགྲམ་དུ་གནས་པའི“སྐྱིད་སྐྱིད་སྒར་སར”སྐྱོད་སྐབས། དེ་གར་ས་རྒྱ་ཆེ་ལ་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པོ་ཡོད་པ་མཐོང་བྱུང་། ལས་དོན་པས“གཟིགས་དང་། སྔོན་མ་འདི་གར་གད་སྙིགས་གང་སར་སྤུངས་པའི་ཁར། དགུན་དུས་ལྷགས་པ་ཆེན་པོ་རྒྱག་སྐབས་ཐལ་རྡུལ་གང་སར་འཚུབ་ཀྱི་ཡོད། ད་ཆ་སྡེ་ཁུལ་གྱིས་བེད་མེད་དུ་ལུས་པའི་ས་སྟོང་དག་གང་འགབ་ཅི་སྤྱོད་ཀྱིས་འཁོར་གཏོང་ཡུལ་སྐོར་བའི་སྒར་ས་སྐྱིད་སྣང་དོད་པོར་བསྒྱུར་བས། སྒར་སའི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཞིག་སྐྱེད་སྲིང་ཐུབ་པ་དེས་སྡེ་ཁུལ་གྱི་རིག་གནས་ཡུལ་སྐོར་མིང་བྱང་གི་སྐད་གྲགས་ཆེ་རུ་སོང་བ་མ་ཟད། མཉམ་སྡེབ་དཔལ་འབྱོར་གྱི་འབབ་འཕར་ཐབས་ལམ་ཡང་རྒྱ་ཆེར་སོང་ཡོད”ཅེས་བཤད།

    ཉེ་བའི་ལོ་3རིང་། སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་བེད་མེད་ས་ཆའི་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་། རིན་གོང་དམའ་བའི་བོགས་གཏོང་གན་རྒྱ་མཚམས་འཇོག ཕྱོགས་མང་པོ་ནས་ཐོན་ཁུངས་ལ་སྤྱི་འདོམས་མཐུན་སྦྱོར་བཅས་བྱས་ཏེ་ཁྲོམ་ར་ཅན་གྱི་རང་བརྟེན་གཉེར་སྐྱོང་དང་ལས་རྣམ་མང་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པས། མཉམ་སྡེབ་དཔལ་འབྱོར་ཡོང་འབབ་མེད་པ་ནས་ལོར་སྒོར་ཁྲི་200བར་འཕར་བའི་ཚད་བརྒལ་བྱུང་ཡོད།

    མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བརྟན་པོ་ཡོད་པས། སྡེ་ཁུལ་གྱིས་གྲོང་མིའི་དགོས་མཁོ་དངོས་ལ་གཞི་ཚུགས་ཏེ་ས་འོག་ཚ་ནུས་རུ་ཆེན་གྱི་འཚོ་བའི་ཁུལ་ཆུང་དུ་གྲོང་མིའི་བྱེད་སྒོ་ཁང་བསྐྲུན་ནས་དུས་དང་རྣམ་པ་ཀུན་ཏུ་ཁོངས་གཏོགས་ཁུལ་གྱི་གྲོང་མིར་རིན་མེད་ངང་སྒོ་ཕྱེ་ཡོད། དུས་རྒྱུན་རྒན་རྒོན་ཚོས་དེ་གར་ཇ་འཐུང་བ་དང་། ཁ་བརྡ་བྱེད་པ། དཔེ་དེབ་ཀློག་པ། མིག་མངས་རྩེ་བ་སོགས་བྱེད་ཀྱི་ཡོད་ལ། གྲོང་མི་ཚོས་ཁུལ་ཆུང་ནས་ཕྱིར་སྐྱོད་མི་དགོས་པར་སྤྲོ་གསེང་གཏོང་ཆོག་པས། གྲོང་པ་ཁྱིམ་མཚེས་དབར་ངོ་འཕྲད་སྤེལ་རེས་བྱེད་པའི་གོ་སྐབས་མང་དུ་ཕྱིན་པ་དང་འགལ་བ་ཉུང་དུ་ཕྱིན་ཏེ། ཁུལ་ཆུང་ནང་གི་མི་ཆོས་ཀྱི་ཉམས་སྣང་ལྡན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད།

    “ཁུལ་ཆུང་གི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་འདུག འདིར་རྒྱ་ཆེ་ལ་དཀར་ཆ་དོད་པའི་བྱེད་སྒོ་སྤེལ་ཡུལ་ཡོད་པ་མ་ཟད། སྤྲོ་སྣང་དོད་པའི་གར་སྟེགས་ཀྱང་ཡོད་པས། ང་ཚོའི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་སོང”ཞེས་གྲོང་མི་ཚེ་རིང་གིས་དགའ་ཚོར་ཆེན་པོས་བཤད།

    གོང་རིམ་དྲིལ་བསྒྲགས་སྡེ་ཚན་གྱི་རྒྱབ་སྐྱོར་འོག་སྡེ་ཁུལ་གྱིས་མཉམ་སྡེབ་དཔལ་འབྱོར་མ་དངུལ་ལ་བརྟེན་ནས“སྤྲོ་འཕེལ་གར་སྟེགས”བསྐྲུན་དེ་སྒོར་གཞས་འཁྲབ་པ་དང་། བཀྲ་ཤིས་ཁུ་ཚུར་གཞུ་རྩལ་སྤྱི་ཕན་གསོ་སྦྱོང་། རིག་རྩལ་མཉམ་འཁྲབ། སྲིད་ཇུས་ཤེས་བྱ་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་རེས་མོས་ངང་སྤེལ་གྱི་ཡོད་པས། རྒན་རྒོན་དང་གཞོན་ནུ་ལོ་ཆུང་ཚང་མས་གར་སྟེགས་ཐོག་ཉམས་བཟང་ངོམ་ཆོག་ལ། མང་ཚོགས་ཀྱིས་སྒོ་འགྲམ་ནས་རིག་རྩལ་འཁྲབ་སྟོན་ལ་ལྟ་བ་དང་རིག་རྩལ་བྱེད་སྒོར་ཞུགས་ཆོག་པས་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་དང་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞི་ཚུགས་པ་དང་། བྱེད་སྒོ་སྤེལ་ཡུལ་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་འཕྲལ་སྡོམ་དངོས་ཟོག་སྣ་ཚོགས་བཀོད་སྒྲིག་བྱས་ནས། ཚད་ལྡན་ཅན་གྱི་འཕྲལ་སྡོམ་རོགས་སྐྱོབ་ས་ཚིགས་ཆུང་གྲས་བསྐྲུན་ཏེ། ཁོངས་གཏོགས་ཁུལ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། འཕྲལ་སྡོམ་ཐག་གཅོད། དམངས་ཕན་རོགས་སྐྱོབ་སོགས་ཀྱི་ལས་དོན་སྒྲུབ་འགན་ཁུར་ནས་སྡེ་ཁུལ་གྱི་བདེ་འཇགས་འགོག་སྲུང་མ་ལག་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་བཏང་ཡོད། ས་ཚིགས་སུ་རྒྱུན་རྣམ་ཅན་གྱི་ལས་རེས་ལམ་སྲོལ་བཙུགས་ནས་བདེ་འཇགས་སྐོར་ཞིབ་དང་འཕྲལ་སྡོམ་དྲིལ་བསྒྲགས་རྒྱུན་མཐུད་བྱས་ཤིང་། རིམ་རྩིས་བརྒྱབ་ན་རོགས་སྐྱོབ་ལས་འགན་ཐེངས་12ནང་ཞུགས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།

    སྐྱིད་ཆུ་གཞུང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མཐར་ཐུག་གི་དམིགས་ཡུལ་ནི་གྲོང་མིར་ཞབས་འདེགས་ཞུ་རྒྱུ་དེ་ཡིན། མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཚེ། གཞི་ནས་སྡེ་ཁུལ་གྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་ངེས་རེད། སླད་ཕྱིན་སྡེ་ཁུལ་གྱིས་ད་ཡོད་རྣམ་གྲངས་ཀྱི་ཐོན་ཁུངས་ལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་གཉེར་སྐྱོང་དོ་དམ་མུ་མཐུད་ལེགས་སུ་བཏང་སྟེ་མཉམ་སྡེབ་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་ཟམ་མི་ཆད་པར་གཏོང་བ་དང་། སྐར་གསོག་ལམ་ལུགས་ཀྱི་དོ་དམ་ནན་དུ་གཏོང་བ། རོགས་སྐྱོར་མ་དངུལ་ཚད་ལྡན་ངང་བེད་སྤྱོད་ཡག་པོ་གཏོང་བ། དམངས་ཕན་སྒྲིག་བཀོད་སྣ་ཚོགས་ཀྱི་ཁ་གསབ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་བློ་གྲོས་རྒྱ་ཁྱབ་ངང་གཅིག་སྡུད་དང་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། དམངས་འཚོའི་བྱ་བ་དངོས་ཚང་མ་མང་ཚོགས་ཀྱི་བློ་ལ་འབབ་པར་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།