དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་སྐྱོང་གི་ལས་ལ་གཞོལ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ།

    —— རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-29

    ད་ལོའི་ཟླ་7ཚེས་1ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྣམ་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ནས་དམར་མདངས་བཀྲ་བའི“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་གཟི་བརྗིད་མཚན་སྙན་བླངས་ཤིང་། སྤྲིན་པ་གྲོང་ཚོར་དབང་བའི་གཟི་བརྗིད་མཚན་སྙན་དེ་ནི་ཏང་ཡོན་ཚོས་བྲེལ་བརྩོན་ཆེན་པོས་ལས་དོན་བསྒྲུབས་པའི“གདོང་ལེན”གྱི་མཚོན་རྟགས་ཤིག་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བཤའ་རྒྱག་སྐབས་གྲོང་མིའི་ངོ་གདོང་ལས་མངོན་པའི“བདེ་སྐྱིད”ཀྱི་མཚོན་རྟགས་ཤིག གྲོང་ཚོ་ཡོངས་ཀྱི་མི་སེར་ཚོས་བློ་སེམས་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱེད་པའི“མཐུན་སྒྲིལ”གྱི་མཚོན་རྟགས་ཤིག་བཅས་རེད། སྤྲིན་པ་གྲོང་ཚོའི་ལོ་མང་རིང་གི་གྲུབ་འབྲས་ཐོབ་པའི་འཕོ་འགྱུར་ལ་ཕྱིར་མིག་ལྟ་སྐབས་དེ་དག་ནི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཕྱར་བ་གྲུ་འདེགས་བྱས་པ་ལས་བྱུང་ཡོད།

    ཉི་མ་ནུབ་ཁར་ནགས་སྲུང་བ་ཚེ་རིང་རྡོ་རྗེས་སྦག་སྦག་བཞོན་ནས་ཁམ་བུའི་ནགས་ཚལ་ལ་སྐོར་གཡེང་བྱེད་བཞིན་ཡོད། ཏང་ཡོན་གྱིས་སྣེ་ཁྲིད་དེ་བཙུགས་པའི་ནགས་སྲུང་རུ་ཁག་དེས་ཉེ་བའི་ལོ་ཤས་རིང་ཁམ་སྡོང་3000ལྷག་ཙམ་གསབ་འདེབས་བྱས་ཡོད། “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ཁམ་བུའི་མེ་ཏོག་མཛེས་པོ་འདུག་ཅེས་བསྔགས་བརྗོད་གནང་བས། ང་ཚོས་མཛེས་ལྗོངས་འདི་ཇི་སྲིད་བར་གནས་ཐུབ་པ་བྱེད་ཀྱི་ཡིན”ཞེས་རྡོ་རྗེའི་སྐོར་སྲུང་ཉིན་ཐོའི་ཐོག་ཁམ་སྡོང་རེ་རེའི་སྐྱེ་འཚར་ཞིབ་ཚགས་བཀོད་ཡོད།

    2019ལོར་གྲོང་ཚོས་མང་ཚོགས་སྒྲིག་འཛུགས་ཀྱིས་རང་དངུལ་བཏོན་ནས་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་སྐབས་གྲོང་མི་མི་ཉུང་བ་ཞིག་གིས“ཁམ་བུའི་མེ་ཏོག་ལོ་ལྟར་བཞད་ཀྱི་ཡོད། དེ་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་བམ”ཞེས་བརྗོད་ཀྱི་ཡོད།

    2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་རྗེས་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ལས་གྲོང་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་མདུན་དུ་བསྐྱོད་པར་ལྕག་སྐུལ་ཐེབས་ཤིང་། ཏང་ཀྲི་པུས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གྱི་ཉམས་མྱོང་སློབ་སྦྱོང་བྱས་ནས། ལོ་ཤས་བསྟུད་མར། ཁམ་སྡོང་གསབ་འདེབས་དང“ལྗང་མདོག་དངུལ་ཁང”བཙུགས་ཏེ། སྐར་གསོག་ལམ་ལུགས་ཁྱབ་གདལ་བཏང་ཡོད། གྲོང་མིས་སྐར་མ་རེ་བསགས་ཚེ་ཡིད་རྟོན་དངུལ་བུན་གྱི་གྲངས་ཚད་སྒོར་5བརྗེ་ཆོག་པ་དང་། ད་ཆ་ལོ་རེར་སྐར་གསོག་ཁྲི་40ལྷག་ཙམ་བརྗེས་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་500ཡོང་གི་ཡོད།

    དེ་བས་དགའ་འོས་པ་ཞིག་ནི་ཉིང་ཁྲིའི“ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན”སྐབས་22བསྟུད་མར་གཉེར་བ་ལས་གངས་ལྗོངས་ཀྱི་རི་གྲོང་ཆུང་ངུ་དེ་སྐད་གྲགས་ཆོད་ཡོད། 2025ལོར་གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་362ཟིན་པ་དང་། སྤྲོ་གསེང་འཐུ་བསྡུ་དང་། དམངས་སྲོལ་གནས་ཚང་དང་བཟའ་བཏུང་སོགས་ཐོན་ལས་ཀྱིས་ལོའི་ཡོང་འབབ་སྒོར་ཁྲི་1600ལྷག་ཙམ་ཟིན་པ་དེ་ལོ་གོང་མ་ལས་9.99%འཕར་བ་དང་། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2019ལོའི་སྒོར་ཁྲི་2.1ནས་སྒོར་ཁྲི་3.96བར་འཕར་ཡོད།

    “2025ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་དེ་དྲོ་འཇམ་ཉི་འོད་དང་འདྲ་བར་ང་ཚོ་གྲོང་མི་ཚང་མའི་སེམས་ལ་འཕྲོས་ཡོད། ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས”2025ལོའི་གྲོང་མིའི་ཚོགས་ཆེན་ཐོག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་རྡོ་རྗེས་བཤད་པའི་སྐད་ཆར་དགའ་བསུ་ཆེན་པོ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། སྤྲིན་པ་གྲོང་ཚོས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་སྔ་རྗེས་སུ་ལས་གྲྭའི་འཕྲུལ་ཆས་90ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཨར་སྐྲུན་ནང་ཞུགས་པས། རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་2000ལྷག་ཙམ་རག་ཡོད།

    ཉེ་བའི་ལོ་གསུམ་གྱི་རིང་། སྤྲིན་པ་གྲོང་ཚོས་རིམ་རྩིས་བརྒྱབ་ན་བོད་སྐྱོར་མ་དངུལ་སྒོར་ཁྲི་657.32བརྩོན་ལེན་བྱས་ཏེ་མདོང་ལམ་ཁྲིད་པ་དང་ཡུལ་སྐོར་བའི་ལྟེ་གནས་སོགས་རྣམ་གྲངས་སྔ་རྗེས་སུ་ལག་ལེན་བསྟར་ཡོད། དྭངས་ཤིང་གཙང་བའི་རང་འབབ་ཆུ་ཀ་ལ་དུད་ཚང་ཡོངས་ལ་ཁྲིད་སྐབས། གྲོང་ཚོའི་རྒན་རྒོན་ཚོས་རང་འགུལ་ངང་ཏང་ཡོན་ཨར་སྐྲུན་རུ་ཁག་ལ་དཀར་གཙང་ཁ་བཏགས་གཡོགས་པ་དང་སྦྲགས། “ཏང་གི་སྲིད་ཇུས་བཟང་པོས་ང་ཚོའི་སེམས་པ་ཚ་སོབ་སོབ་བཟོས་བྱུང”ཞེས་དགའ་ཚོར་ཆེན་པོས་བརྗོད།

    གྲོང་ཚོའི“མཐུན་སྒྲིལ་བསྟོད་གླུ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་དུ་ཉི་མ་རྡོ་རྗེས་སྤྱི་སྐད་ཀྱི་ཐོག་ནས་ཡུལ་སྐོར་བར་སྤྲིན་པ་གྲོང་ཚོའི་མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐྱོང་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་བརྗོད་པ་སྟེ“2020ལོར་ཏོག་གསར་རིམས་ནད་ཐོན་རིང་། གྲོང་མི་དུད་ཚང་33གྱིས་སྔ་རྗེས་སུ་ཝུའུ་ཧན་ལ་སྒོར་ཁྲི་37ཞལ་འདེབས་བརྒྱབ་ཡོད། སྤུན་ཟླར་དཀའ་ངལ་འཕྲད་པ་ནི་ང་ཚོར་དཀའ་ངལ་འཕྲད་པ་དང་གཅིག་པ་རེད། ང་ཚོ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་འགྲིལ་དགོས”ཞེས་བརྗོད་ཅིང་། རང་སྐྱོང་ལྗོངས་རིམ་པའི་སྒྲོག་འགྲེལ་པ་ཡིན་པའི་ཉི་མ་རྡོ་རྗེས་རང་ཉིད་ཀྱི་ཉམས་མྱོང་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་རྒྱུ་མཐའ་འཁྱོངས་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། སྤྲིན་པ་གྲོང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་ནས་གྲོང་མི་གྲོང་གསེབ་བཅོས་སྐྱོང་ནང་མཉམ་དུ་ཞུགས་པ་དང་སྦྲགས། མཉམ་འདྲེས་ཡོང་བར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ཞི་མཐུན་གྱི་གྲོང་གསེབ་མཉམ་སྐྲུན་བྱས་ནས་སྔ་རྗེས་སུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”སོགས་ཀྱི་བྱེད་སྒོ་ཐེངས་35སྤེལ་བ་རེད།

    ཏང་དར་གྱི་སྟོན་ཕྱོགས་ནི་བྱ་སྤྱོད་ཀྱི་ཁ་ཕྱོགས་རེད། གྲོང་ཚོའི་ལོ་རྒྱུས་ཁང་དུ་ཚོས་མདོག་ལོག་པའི་རྟ་ལྕག་ཅིག་ཡོད་པ་དེས་འདས་སོང་གི་ལོ་རྒྱུས་བརྗོད་ཅིང་། ཕྱི་རོལ་ཏུ་ཁམ་སྡོང་ནགས་ཚལ་གྱི་མཛེས་པས་གྲོང་མིའི་འཛུམ་མདངས་ཀྱི་ཉམས་བཟང་མངོན་པར་བྱེད། དེ་ཡང་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུས་མང་ཚོགས་ཀྱི་སྣེ་ཁྲིད་དེ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པའི”རྒྱང་ལམ་དུ་དྲིན་ཚོར་ཡར་བརྩོན་དང་། དངོས་སྒྲུབ་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་ཆེས་ཡིད་དབང་འཕྲོག་པའི་དར་རྒྱས་ཀྱི་མཛེས་རིས་འབྲི་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།