དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཐུས་མི་བློ་བཟང་ཚུལ་ཁྲིམས་ཀྱིས་གསུངས་དོན།

    རུ་མི་ཚོ་དང་མཉམ་དུ་ལྕགས་ལམ་གྱི་བདེ་འཇགས་ཡག་པོ་སྲུང་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-29

    2013ལོར་ལོ་18ལ་སླེབས་པའི་བློ་བཟང་ཚུལ་ཁྲིམས་ལམ་སྐྱོང་ལས་ལ་ཞུགས་པ་དང་། ཁོང་གིས་ལོ་13རིང་ལས་འགན་གང་ལེགས་བསྒྲུབས་ཡོད། ད་ཆ་ཁོང་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ལམ་སྐྱོང་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་རྒུ་རུམ་ལམ་སྐྱོང་རུ་ཆེན་གྱི་རུ་དཔོན་ཡིན་པ་མ་ཟད། ད་དུང་ཁོང་ལ་སྤོབས་པ་སྐྱེ་འོས་པའི་ཐོབ་ཐང་གཞན་ཞིག་ཀྱང་ཡོད་པ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་རེད།

    སྐོར་སྲུང་བྱེད་ཞོར་དུ་ཁོང་གིས་རུ་མི་ཚོའི་སྣེ་ཁྲིད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ལམ་སྐྱོང་ཤེས་བྱ་དྲིལ་བསྒྲགས་དང་། ཞིང་དུད་ལ་བཙས་མ་བརྔ་རོགས། མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་ལ་སོགས་བྱེད་ཀྱི་ཡོད། དང་ཐོག་མ་དྲིལ་བསྒྲགས་དང་ཁ་ཏ་བསླབ་བྱ་བྱེད་སྐབས་དཀའ་ངལ་མང་པོ་འཕྲད་པ་ནས་ད་ཆ་ཡུལ་མི་ཚོས་རང་འགུལ་ངང་ལམ་སྐྱོང་ལ་གཞོགས་འདེགས་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་མ་ཐག་ལམ་སྐྱོང་རུ་ཁག་ལ་བརྡ་གཏོང་བའི་བར། ལམ་སྐྱོང་རུ་ཁག་དང་ལམ་རྒྱུད་མང་ཚོགས་དབར་འབྲེལ་འདྲིས་ཟབ་མོ་ཆགས་ཡོད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་ཡིན་པའི་ཁོང་གིས་སྐོར་ཞིབ་དང་སྙིང་གཏམ་ཤོད་རེས་བྱེད་སྐབས་རུ་མི་ཚོའི་རེ་ཞུ་ཉན་པ་དང་ཟིན་ཐོར་འགོད་ཀྱི་ཡོད། ལམ་སྐྱོང་རུ་མིའི་ལས་ཞུགས་ལོ་ཚད་རིང་བ་དང་། འགན་སྲུང་ཐོབ་ཆ་དམའ་བ། སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཁོང་གིས་སྔ་རྗེས་སུ་གྲོས་འགོ་མང་པོ་བཏོན་ཡོད། འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་རུ་མི་ཚོ་ལས་བཟོའི་སྤྱི་ཚོགས་འགན་བཅོལ་ལ་ཞུགས་ཐུབ་པ་དང་སྐྱེལ་མཚམས་ཆད་པའི་འགན་བཅོལ་དངུལ་ཁ་གསབ་ཡག་པོ་ཐུབ་ཡོད། ད་ཐེངས་ཚོགས་འདུར་ཞུགས་རིང་ཁོང་གིས་ལམ་སྐྱོང་རུ་མིའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམིགས་ནས་གྲོས་འགོ་བཏོན་ཏེ་རུ་མི་ཚོའི་སེམས་ཁྲལ་སེལ་རྒྱུ་རེད།

    “མཚོ་བོད་ལྕགས་ལམ་ནི་དཔལ་འབྱོར་དང་། བདེ་སྐྱིད་ལྡན་པ། མི་རིགས་མཐུན་སྒྲིལ་བཅས་ཀྱི་ལམ་ཐིག་ངོ་མ་ཞིག་རེད”ཅེས་བློ་བཟང་ཚུལ་ཁྲིམས་ཀྱིས་གསུངས་ཤིང་། ཁོང་གིས་ངས་སྒྲུབ་འདོད་པ་ནི་འཐབ་ས་དང་པོའི་རུ་མི་ཚོའི་བསམ་འདུན་གོང་ཞུ་བྱེད་པ་དང་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ནས་རུ་མི་ཚོ་དང་མཉམ་དུ་རྐང་འོག་གི་ལམ་ཡག་པོ་བསྲུངས་ཏེ་ལམ་འདི་བརྒྱུད་པའི་མེ་འཁོར་ཚང་མ་བདེ་འཇགས་ཡོང་བར་བྱེད་རྒྱུ་དེ་ཡིན་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།