ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་20སོང་རིང་། གངས་ལྗོངས་ས་མཐོར་བདེ་སྐྱིད་ལམ་བུ་དང་། མཐུན་སྒྲིལ་ལམ་བུ། ཕྱུག་འགྱུར་ལམ་བུ་བཅས་བཏོད་པ།
ང་དང་མཚོ་བོད་ལྕགས་ལམ་དབར་གྱི་གཏམ་རྒྱུད།
2026ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་20སོང་ཡོད།
ལྕགས་ལམ་དེའི་འགོ་ཤར་ཕྱོགས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ནས་མཇུག་ནུབ་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་བར་ལམ་ཐག་ཧྲིལ་པོར་སྤྱི་ལེ་1956ཟིན་པ་དང་། འཛམ་གླིང་ཐོག་ཆ་སྙོམས་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཞིག་རེད།
འཁྱགས་ས་སྒྲོལ་བ་དང་། ཁུ་ནུ་རི་བོ་བརྒལ་བ། ས་མཐོར་འཛེག་པ་བཅས་ལས། ངོ་མཚར་ཆེ་བའི་མཁའ་ལམ་འདིས་ཁྱོན་འགྲུལ་པ་མི་ཐེངས་དུང་ཕྱུར་1.04དང་དངོས་ཟོག་ཏུན་དུང་ཕྱུར་8.24སྐྱེལ་འདྲེན་བྱས་ནས་གངས་ལྗོངས་ས་མཐོར་བདེ་སྐྱིད་ལམ་བུ་དང་། མཐུན་སྒྲིལ་ལམ་བུ། ཕྱུག་འགྱུར་ལམ་བུ་བཅས་བཏོད་ཡོད།
“ལས་གནས་དེ་རང་ལ་ལས་ཀ་བྱས་ནས་མི་ཚེ་ཧྲིལ་པོ་བསྐྱལ་བ”
གཏམ་རྒྱུད་བརྗོད་མཁན། ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོའི་ཚོགས་པ་ཚད་ཡོད་ཀུང་སིའི་དགེ་རྒན་ཆེ་མོ་བ་དང་མཐོ་རིམ་ལག་རྩལ་ཆེ་མོ་བ་ལིའུ་ཀྲེང་ཕིང་།
དེ་གར་མེ་འཁོར་གྱི་འུར་སྒྲ་དང་བཅས་ཁུ་ནུ་རི་བོ་སྒྲོལ་རིམ་བཞིན་ངའི་སེམས་ཁོང་ལ་སླར་ཡང་འཁྱགས་ས་དང་འབྲེལ་བའི་སྔོན་འདས་ཀྱི་གནས་ཚུལ་དྲན་པའི་ངོས་ལ་ལྷང་ངེར་གསལ་འོང་།
ལོ་27ནི་ལས་གནས་ལ་གཞོལ་བའི་ངའི་མི་ཚེ་ཡོད་དོ་ཅོག་ཡིན་ཞེས་ཧ་ལམ་བཤད་ཆོག རང་ལོ་29ལ་ས་མཐོར་ཐོག་མར་ཡོང་བ་ནས་ད་ཆ་མགོ་སྐྲ་དཀར་པོར་གྱུར་པའི་བར། འཁྱགས་སའི་ལས་གྲྭའི་ལོ་རྒྱུས་ཀྱི་ངོ་མཚར་རེ་རེ་ཀྲུང་གོ་བས་མཚོ་བོད་ས་མཐོར་བཏོད་ཚུལ་དངོས་སུ་མཐོང་བྱུང་།
2000ལོའི་ཟླ་དྲུག་པར། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་རྩད་ཞིབ་ཐིག་ལེན་བྱེད་འགོ་ཚུགས་ཤིང་། ངའི་ལས་ཁུངས་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོའི་རུ་ཁག་དྲུག་པའི་ས་གཤིས་ཚོགས་ཆུང་གིས་འགན་འཁུར་བའི་གོར་མོ་ནས་འབྲི་ཆུའི་དུམ་བུའི་བར་གྱི་ཚད་འཇལ་ཐོག་མ་བྱེད་པའི་ལམ་ཐིག་ལ་སྤྱི་ལེ་470ཙམ་ཟིན་ཞིང་། དེའི་ནང་ཁུ་ནུ་རི་བོ་དང་། བ་ཡན་མདུང་རྩེའི་རྒྱུད་ལ་ས་བབ་སྨི་5000ཡན་ཟིན་གྱི་ཡོད།
ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཁར་གསོ་རླུང་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། ང་ཚོས་སྔོན་ལ་གོར་མོར་ས་ཆུ་འཕྲོད་ཐབས་ཉིན་5བྱས་པ་དང་། དེ་ནས་གཟུགས་པོ་རིམ་བཞིན་འཕྲོད་ཐུབ་པ་བྱུང་རྗེས་ས་བབ་དེ་ལས་མཐོ་བའི་སར་རིམ་བཞིན་བསྐྱོད་པ་ཡིན།
2000ལོའི་ཟླ་བརྒྱད་པར། ང་ཚོ་སྨུག་སའི་སོག་ལམ་ལ་སླེབས་ཤིང་། དེ་གར་ས་བབ་སྨི་4600ཟིན་པའི་ཁར་གནམ་གཤིས་ཀྱང་འགྱུར་ལྡོག་ཆེན་པོ་འདུག དང་ཐོག་གནམ་དྭངས་ནས་ཡོད་ཀྱང་འཕྲལ་མར་གངས་དང་སེར་བ་འབབ་ཀྱི་འདུག
2000ལོའི་ཟླ་བཅུ་པར། ཡུལ་དངོས་ལ་ཚད་འཇལ་ཐོག་མར་བྱེད་པའི་ལས་འགན་བསྒྲུབས་རྗེས་རུ་ཁག་ལན་ཀྲོའུ་རུ་དཔྱད་གཞི་ལེགས་སྒྲིག་བྱེད་པར་ལོག་ཅིང་། ཚད་འཇལ་ཐོག་མར་བྱས་པ་ལས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་རྩད་ཞིབ་ཁང་གིས་ལོ་མང་རིང་འཁྱགས་སའི་ལས་གྲྭའི་ཚོད་ལྟའི་ཞིབ་འཇུག་བྱས་པ་དང་སྦྲགས་འཁྱགས་སའི་རུ་ཁག་ཀྱང་འཛུགས་རྒྱུའི་ཐག་བཅད།
2001ལོར་ང་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོའི་མཚོ་བོད་ལྕགས་ལམ་གྱི་འཁྱགས་སའི་ཚན་རིག་ཞིབ་འཇུག་རུ་ཁག་ཏུ་ལས་སྒྱུར་བྱས་ནས་ཚོད་ལྟའི་དུམ་བུའི་ས་གཤིས་ཀྱི་འགན་འཁུར་བ་ཡིན། དེའི་རིང་ང་ཚོས་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཆེ་ཤོས་ནི《མཚོ་བོད་ལྕགས་ལམ་གྱི་ལོ་མང་འཁྱགས་སའི་ཁུལ་གྱི་ས་དྲོད་དབྱེ་ཁུལ་ས་བཀྲ》བྲིས་པ་དེ་ཡིན།
རྗེས་སུ། དེར་མཚོ་བོད་ལྕགས་ལམ་གྱི་འཁྱགས་སའི་ལས་གྲྭའི“འགག་གནད”ཅེས་འབོད་ཀྱི་ཡོད། ལམ་ཐིག་འདེམས་སྐབས་དེ་ལ་བརྟེན་ནས་ས་གཤིས་མི་འཚམས་པ་ལས་གཡོལ་བ་དང་། ཇུས་འགོད་ཀྱང་ཁུལ་མི་འདྲ་བར་གཞིགས་ནས་བབ་བསྟུན་གྱི་བྱ་ཐབས་སྤྱད་ཡོད།
དཔེ་རིས་ལེགས་གྲུབ་བྱུང་བ་ནི་ལོ་བསྟུད་མར་ལས་གནས་བརྟན་སྲུང་བྱེད་པ་དང་ཁ་འབྲལ་ཐབས་མེད། 2001ལོ་ནས་2006ལོའི་བར་གྱི་ལོ་ལྟར་གྱི་ཟླ་དང་པོའི་ཟླ་སྟོད་དང་ཟླ་དགུ་པའི་ཟླ་མཇུག་བར། ངས་རུ་སྣེ་ཁྲིད་དེ་ཁ་བ་བུ་ཡུག་འཚུབ་པར་མ་འཛེམས་པར་གསོ་རླུང་འདུས་ཚད་དམའ་ཤོས་དང་གནམ་གཤིས་གྲང་ཤོས་ཀྱི་སྐབས་སུ་ལམ་རྒྱུད་ཀྱི་ས་དྲོད་འཇལ་བར་ཕྱིན་ནས་གྲངས་གཞི་ཁྲི་12དེ་དག་རེ་རེ་བཞིན་ཚད་འཇལ་བྱས་པ་ཡིན།
གྲངས་གཞི་ཚད་འཇལ་ཐུབ་པ་དེས་འཁྱགས་སའི་ཇུས་འགོད་བསམ་གཞིག་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་གསུམ་བྱུང་བ་སྟེ། རང་སའི་དབྱེ་ཞིབ་ནས་བབ་སྟུན་དབྱེ་ཞིབ་བར་དང་། གཞན་དབང་དྲོད་སྲུང་བྱེད་དགོས་པ་ནས་རང་འགུལ་ངང་དྲོད་ཚད་གཅོག་པའི་བར། བྱ་ཐབས་རྐྱང་པ་ནས་ཕྱོགས་བསྡུས་བཅོས་སྐྱོང་བར་བཅས་ལ་འགྱུར་ལྡོག་བྱུང་བ་དེ་རེད།
2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། ང་ཡང་གོར་མོ་ནས་ལྷ་སར་གཏོང་བའི་མེ་འཁོར་ལ་ཐོག་མར་སྡོད་རྒྱུ་བྱུང་སྐབས་སེམས་འགུལ་ཚད་མེད་ཐེབས་ཞོར་དུ། ང་ཚོའི་ལས་གྲྭས་ཡུན་རིང་གཉེར་སྐྱོང་གི་ཚོད་བགམ་ཐེག་ཐུབ་མིན་ལའང་སེམས་ཁྲལ་ཞིག་ངང་གིས་སྐྱེས་བྱུང་།
སེམས་ཁྲལ་སེལ་ཆེད། ང་ཚོས་སྡོམ་མདའ་དང་ཆུ་དམར་ལེབ་རྒྱུད་དུ་འཁྱགས་སའི་ལམ་གཞིའི་དྲོད་ཚད་དང་ས་དབྱིབས་འགྱུར་བར་ཡུན་རིང་ལྟ་ཞིབ་ཚད་ལེན་བྱས་པ་དང་སྦྲགས། ལམ་རྒྱུད་ཀྱི་བསྐྱར་སྐྱེས་འཁྱགས་སའི་གནོད་འཚེར་ཡང་བརྟག་དཔྱད་དང་བཅོས་སྒྲིག་ཀྱང་བྱས་པ་ཡིན། ལས་གནས་དེ་རང་ལ་སླར་ཡང་ལོ་20སྡོད་རིང་། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཐོ་འགོད་བྱེད་ཚད་ཁྲི་25ཟིན་གྱི་ཡོད།
ལས་གནས་དེ་རང་ལ་ལས་ཀ་བྱས་ནས་མི་ཚེ་ཧྲིལ་པོ་བསྐྱལ་བ་ཡིན། མཐའ་མཇུག་དགའ་འོས་པ་ཞིག་ནི། མཚོ་བོད་ལྕགས་ལམ་གྱི་ལམ་གཞི་རྡིབ་ཚད་སྤྱིར་ན་ཚོད་འཛིན་ཐུབ་ནས་ལམ་གཞིའི་འཁྱགས་ས་ནུས་ལྡན་སྲུང་ཐུབ་པ་ལས་ང་ཚོའི་ཇུས་འགོད་ལེགས་གྲུབ་བྱུང་བ་མཚོན་པ་དེ་ཡིན།
2016ལོར་ང་ཡང་བསྐྱར་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་དུམ་བུའི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པ་དང་། 2018ལོར་རྣམ་གྲངས་ལས་མཇུག་འགྲིལ་རྗེས། མཚོ་བོད་ལྕགས་ལམ་གྱི་གློག་ཤུགས་ཅན་སྒྱུར་བཀོད་ཀྱི་དུས་འགོའི་ཚན་ཞིབ་ནང་ཞུགས་པ་མ་ཟད། སྣེ་ཁྲིད་ནས་གློག་གཏོང་དྲ་བའི་གཞི་རྩའི་འཁྱགས་ཕྱུང་ཚོད་ལྟའི་ཞིབ་འཇུག་ལས་ཀའང་བསྒྲུབས། འབྱུང་འགྱུར་གློག་ཤུགས་ཅན་དང་རིག་ནུས་ཅན་གྱི་སྒྱུར་བཀོད་ཀྱིས་མཚོ་བོད་ལྕགས་ལམ་འདི་ཉིད་ལ་གསོན་ཤུགས་གསར་པ་སྔར་བས་སྣོན་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད།
“ཁུ་ནུ་རི་བོ་ནི་སྔར་བཞིན་ཀྲོང་ངེར་གནས་ནས་འགྱུར་བ་མེད་ནའང་། ས་མཐོའི་འཚོ་བ་སྔར་བས་སྐྱིད་དུ་ཕྱིན་ཡོད”
གཏམ་རྒྱུད་བརྗོད་མཁན། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་གོར་མོའི་འཕྲུལ་གཉེར་དུམ་བུའི་དོས་སྐྱེལ་མེ་འཁོར་གྱི་ཁ་ལོ་བ་ཆི་སེན་ལིན།
ངའི་མིང་ལ་ཆི་སེན་ལིན་ཟེར་གྱི་ཡོད། ད་ལོ་ལོ་51ཡིན། 2006ལོར་ང་རང་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དོས་སྐྱེལ་མེ་འཁོར་གྱི་ཁག་དང་པོའི་ཁ་ལོ་བ་བྱས་པ་ཡིན། ལས་གནས་དེར་ལས་ཀ་བྱས་ནས་ལོ་20འགྲོ་གི་འདུག
དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་ནི་ས་མཐོའི“སྲོག་རྩ”ལྟ་བུ་ཞིག་རེད། ས་མཐོའི་མང་ཚོགས་ལ་མཁོ་བའི་འབྲས་དང་། གྲོ་ཞིབ། སྣུམ། རྡོ་སོལ་བཅས་ཚང་མ་ཕྱི་ནས་མཁོ་འདོན་བྱེད་དགོས་པར་བརྟེན། དོས་སྐྱེལ་མེ་འཁོར་གྱིས་དངོས་ཟོག་སྔར་བས་མང་བ་བླུགས་ནས་བདེ་བླག་ངང་གཏོང་ཐུབ་པ་ཇི་ལྟར་ཡོང་བའི་ཐད་ལ་འབད་བརྩོན་བྱས་པ་ཡིན།
2005ལོའི་ཟླ་བཅུ་གཉིས་པ་ནས་བཟུང་། ངས་ཚད་ལེན་ཚོད་ལྟ་བྱེད་མཁན་ཁ་ལོ་བའི་འགན་ཁུར་ནས་ནང་འབར་འཕྲུལ་འཁོར་ཤར་རླུང་4Bདང་། ཤར་རླུང་8B NJ2སོགས་གོར་མོ་ནས་ལྷ་སའི་བར་ཕར་ཚུར་བཏང་སྟེ། མེ་འཁོར་ལ་ཚད་ལེན་ཚོད་ལྟ་བྱས་ནས་གྲངས་གཞིའི་དཔྱད་གྲངས་ཐོ་འགོད་བྱས་པ་ཡིན། མཇུག་ཏུ་འཐེན་ཤུགས་ཆེ་ཤོས་ཏུན་2500ཟིན་པའི་མེ་འཁོར་ཨ་མ་གཉིས་བསྐྱར་སྒྲིག་བྱ་རྒྱུའི་གཏན་ལ་ཕབ་པ་རེད།
2019ལོར་རྒྱལ་ཐོན་གྱི་ཞི་མཐུན་བཟོ་དབྱིབས་ཀྱི་ནང་འབར་མེ་འཁོར་གསར་པ་3མཚོ་བོད་ལྕགས་ལམ་ཐོག་སྤྱོད་འགོ་ཚུགས་པས། མེ་འཁོར་འཁོར་སྐྱོད་ཀྱི་མྱུར་ཚད་དེ་བས་མགྱོགས་སུ་ཕྱིན་ལ། སྐྱེལ་འདྲེན་གྱི་ནུས་པའང་སྔར་བས་ཆེ་རུ་སོང་སྟེ། དངོས་ཟོག་སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་20སོང་རིང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་རིམ་བཞིན་མང་དུ་འགྲོ་ཚུལ་ངས་དངོས་སུ་མཐོང་བྱུང་། མེ་འཁོར་ཤར་གཏོང་ཐུབ་མ་ཐག་གོར་མོ་ནས་ལྷ་ས་བར་ཉིན་ལྟར་ཟོག་འདྲེན་མེ་འཁོར་ཕར་ཚུར་ཐེངས་1ལས་གཏོང་གི་མེད། ད་ཆ་ཉིན་ལྟར་ཕར་ཚུར་ཐེངས་11གཏན་འཇགས་ངང་གཏོང་གི་ཡོད། དངོས་ཟོག་གི་སྣ་ཁའང་10ལྷག་ཙམ་ནས་ད་ཆའི་50ལྷག་ཙམ་བར་མང་དུ་ཕྱིན་པའི་ཁྲོད་ལྕགས་རྒྱུ་དང་། རླངས་འཁོར། གྲང་ཕྲེང་སོས་པ། གློག་ཚོང་མྱུར་སྐྱེལ་དངོས་ཟོག་སོགས་ཚང་མ་ཡོད།
ང་སྤོབས་པ་ཆེར་བསྐྱེད་འོས་པ་ཞིག་ནི། 2025ལོར་ང་ཚོས་སྔོ་ཚལ་སོས་པ་ཏུན་7215དབོར་འདྲེན་བྱས་པ་དེས་ས་མཐོའི་མི་སེར་གྱི་གསོལ་ལྕོག་ཐོག་གི་ཞལ་ལག་ཕུན་སུམ་ཚོགས་སུ་ཕྱིན་པ་དེ་ཡིན། དུས་མཚུངས་སུ། སྔོན་ཆད་མི་མང་པོས་མི་ཤེས་པའི་ཚགས་ཤ་དང་། བོད་ཕག ནས་ཀྱི་ཐོན་རྫས། ས་མཐོའི་བཏུང་བྱ་བཅས་ཀྱང་རྒྱལ་ཡོངས་ཀྱི་ཁྲོམ་རར་འདོན་ཐུབ་ཡོད།
ལྷ་སའི་འབབ་ཚུགས་ནུབ་མའི་དངོས་ཟོག་འཇོག་སར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་སྐབས་དེ་གར་འདོན་འཇུག་བྱེད་ལམ་4ལས་མེད་ནའང་། ད་ཆ་འདོན་འཇུག་བྱེད་ལམ་11བར་རྒྱས་སྐྲུན་ཐུབ་ནས། ལོ་གཅིག་ལ་དངོས་ཟོག་ཏུན་ཁྲི་600ལྷག་ཙམ་གཏོང་ཐུབ་ཀྱི་ཡོད། ཉིན་ལྟར་འབབ་ཚུགས་སུ་དོས་སྒམ་ཚ་ཚ་འུར་འུར་དུ་འདོན་འཇུག་བྱས་ནས“མཁའ་ལམ”འདི་ཉིད་སྔོན་ཆད་དང་བསྡུར་ཐབས་བྲལ་ཡོད།
ལོ་ངོ་20ཡི་རིང་། མཚོ་བོད་ལྕགས་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1ལས་བརྒལ་ཡོད། ལོ་20རྗེས་སུ་ངས་ད་དུང་མེ་འཁོར་གཏོང་གི་ཡོད། ཁུ་ནུ་རི་བོ་ནི་སྔར་བཞིན་ཀྲོང་ངེས་གནས་ནས་འགྱུར་བ་མེད་ནའང་། ས་མཐོའི་འཚོ་བ་སྔར་བས་སྐྱིད་དུ་ཕྱིན་ཡོད།
“བྱེ་འཇཌ་བྱེ་བཅོས་བྱས་ནས་ལྗང་མདོག་གི་མཁའ་ལམ་བསྲུངས་ཡོད”
གཏམ་རྒྱུད་བརྗོད་མཁན། རྒྱལ་ཁབ་ལྕགས་ལམ་མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སིའི་གཏེར་ལེན་ཁ་ལྕགས་ལམ་ཉམས་གསོའི་ལས་ཚུགས་ཀྱི་ཡུན་མཱ་འགག་ཟམ་ཕུག་ཉམས་གསོ་ལས་སྒྲུབ་ཁུལ་གྱི་ལས་དཔོན་ཚུའེ་ཅན་ཡེ།
མི་མང་པོས་མཚོ་བོད་ལྕགས་ལམ་ལ་བྱེ་མའི་གནོད་འཚེ་མང་པོ་ཕོག་མྱོང་བ་ཧ་ལམ་ཤེས་ཀྱི་མེད་ཚོད་རེད། ལམ་ཐིག་ཧྲིལ་པོའི་སྤྱི་ལེ་120ལྷག་ཙམ་བྱེ་རླུང་ཁྲོད་གནས་པ་དང་སྤྱི་ལེ་ངོས་གྲུ་600ལྷག་ཙམ་ནི་བྱེ་མའི་གནོད་འཚེ་ཕོག་ཁུལ་རེད།
ང་ཚོའི་ལས་སྒྲུབ་ཁུལ་གྱི་དོ་དམ་བྱེད་ཁོངས་ཀྱི་ལམ་དུམ་ནི་མཚོ་བོད་ལྕགས་ལམ་གྱི་བྱེ་མའི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཁོངས་ཀྱི་གྲས་ཤིག་རེད། འདི་གར་བྱེ་རླུང་ཤུགས་ཆེན་ལྡང་བའི་དུས་སུ་སླེབས་རིམ་བཞིན་གྲང་རླུང་འུར་འུར་ལྡང་སྟེ་གནམ་གང་བྱེ་རླུང་འཚུབ་ཀྱི་ཡོད།
ལྷགས་པ་ཆེན་པོ་བརྒྱབ་མ་ཐག་ལྕགས་ལམ་དང་ལྕགས་ལམ་གྱི་ཁ་རྡེའུ་བྱེ་མས་བསྣུབས་ནས་ལམ་རྡེའུ་མཁྲེགས་པོར་གྱུར་པ་དང་ཆུ་གཤོང་ཡུར་བུ་འགགས་ནས་ལམ་རྒྱུད་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད།
མཚོ་བོད་ལྕགས་ལམ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་ན་ངེས་པར་དུ་བྱེ་འགོག་བྱེ་བཅོས་བྱེད་དགོས་ཀྱང་། འདི་གར་ལོ་འཁོར་མོར་ཆུ་དཀོན་པ་དང་ཐན་པ་ཆེ་བས་རྩི་ཤིང་སྐྱེ་ཐབས་ཇི་ལྟར་ཡོང་བའི་ཐད་ལ་བྱེད་ཐབས་འཚོལ་ཞིབ་བྱས་པ་ཡིན།
ང་ཚོས་རྡོ་བསྒྲིགས་ནས་བྱེ་མ་འཇགས་ཐབས་དང་དྲ་བ་བསྐོངས་ནས་བྱེ་མ་འགོག་ཐབས་བྱས་ལ། ཐག་རིང་དུ་བྱེ་འགོག་གི་བཅད་བསླངས་པ་དང་། ཐག་ཉེ་སར་དྲ་མིག་བཟོས་ཏེ་འཇགས་ཐབས་དང་། བར་དུ་གཅོད་པ། ཐག་རིང་སར་འགོག་ཐབས་ལ་བརྟེན་ནས་རིམ་པ་བཞིན་འགོག་སྲུང་དང་བྱེ་འཇགས་ཐུབ་པར་བྱས་ཡོད།
རྒྱུ་ཆ་རང་ས་ནས་ལེན་པ་ཡིན། ང་ཚོས་ཐང་རྒོད་ཀྱི་རྡོ་དང་བ་ཚྭ་ཡོད་སའི་ས་དང་ཚྭ། དེ་བཞིན་འདམ་རྩྭ་བཅས་སྤྱད་ནས་རྡོ་ཚྭ་རྩྭ་གསུམ་གྱི་དྲ་མིག་བསྐོངས་ཡོད།
རིམ་པ་བཞིན་བྱེ་བཅོས་བྱས་མཐར་རླུང་ཤུགས་རིམ་པས་ཆག་ནས་བྱེ་མ་ཕྱི་ནས་ནང་དུ་འོང་བ་འགོག་ཐུབ་པ་བྱུང་ཡོད།
གལ་ཏེ་བྱེ་རླུང་ལྡང་ཚེ་ལམ་ཐིག་ཏུ་བྱེ་མས་ཁེངས་ཀྱི་ཡོད་པས་མེ་འཁོར་མི་སླེབས་གོང་བྱེ་ས་གཙང་འཕྱག་བྱེད་དགོས་ཀྱི་ཡོད། སྤྱིར་བཏང་དེའི་སྐབས་དུས་ཚོད་ཆུ་ཚོད་2ལས་མེད་པ་དང་། ང་ཚོས་རྩྭ་རས་ནང་ལམ་ཐིག་ཐོག་གི་བྱེ་མ་བླུགས་ནས་ས་ཆ་དེ་རང་དུ་སྦས་ཏེ་བྱེ་མའི་གནོད་འཚེ་སླར་ཡང་མི་ཐོན་པ་བྱེད་ཀྱི་ཡོད།
ལོ་ངོ་20ཡི་རིང་། མཚོ་བོད་ལམ་ཐིག་ཤིས་ཐེ་ཧྲན་ནས་ཏ་པུའུ་ཤུན་དུམ་བུའི་བར་ལོ་འཁོར་མོར་བྱེ་རླུང་ལྡང་ན་ཡང་བྱེ་རླུང་གི་གནོད་འཚེར་ཚོད་འཛིན་ཐུབ་ནས། རྒྱུག་གསོག་བྱེ་རི་སྤྱིར་ན་བརྟན་དུ་སོང་བ་དང་བྱེ་མས་ལྕགས་ལམ་བསྣུབས་པའི་སྣང་ཚུལ་ཡང་ད་ཆ་མཐོང་རྒྱུ་མེད། གནམ་གཤིས་ངན་པ་བསྟན་པའི་སྐབས་ཀྱི་བྱེ་གསོག་ཁྱབ་ཁོངས་དང་མཐུག་ཚད་ཀྱང་མངོན་གསལ་དོད་པོས་ཆག་ཡོད། ལམ་ཐིག་ཧྲིལ་པོའི་སྒྲིག་ཆས་འཁོར་སྐྱོད་ཀྱི་རྣམ་པ་རྒྱུན་མཐུད་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་། བྱེ་མའི་གནོད་འཚེས་ལྕགས་ལམ་སྐྱེལ་འདྲེན་ལ་འགལ་རྐྱེན་བཟོ་ཚུལ་སྤྱིར་ན་ཚོད་འཛིན་ཐུབ་ཡོད།
མཚོ་བོད་ལྕགས་ལམ་ཧྲིལ་པོར་ལྗང་མདོག་བཅོས་སྐྱོང་བྱས་པ་དེ་ཙམ་མིན། རྩི་ཤིང་སྐྱེ་ཐུབ་པའི་ས་ཆར་ང་ཚོས་ཐིགས་ཆུ་བཏང་ནས་ནགས་བཟོའི་ལག་རྩལ་ཐོག་མར་བཏོད་དེ་ལྕགས་ལམ་རྒྱུད་དུ་སྤྱི་ལེ་98ཟིན་པའི་བྱེ་རླུང་འགོག་པའི་སྤེན་མའི་ཚལ་བསྐྲུན་པ་མ་ཟད། ས་བབ་སྨི་4500ཡན་གྱི་འཁྱགས་སའི་སྲོག་གནས་དཀའ་ཁུལ་གྱི་སྤྱི་ལེ་140ཟིན་པའི་སར་མི་ཐབས་ཀྱི་རྩྭ་འདེབས་འདུ་འགོད་ལེགས་སྒྲུབ་བྱས་ཏེ། མཚོ་བོད་ལྕགས་ལམ་གྱི་ཐང་ལྷའི་ལྷོ་རྒྱུད་དུམ་བུའི་སྤྱི་ལེ་120ཡི་ལམ་གཞིའི་འགྲམ་ངོས་སུ་ཕྱོགས་ཡོངས་ནས་སྔོ་ཁེབས་སླར་གསོ་ཡང་བྱས་ཡོད།
ད་ཆ་མེ་འཁོར་ལ་བསྡད་ནས་ས་མཐོར་སྐྱོད་སྐབས། མེ་འཁོར་གྱི་སྒེའུ་ཁུང་ནས་ཕྱིར་བལྟས་ཚེ་གངས་རིའི་མུ་ཁྱུད་འབྲེལ་ཞིང་གནམ་སྔོན་སྤྲིན་དཀར་འོག་གཙོད་དག་རང་དགར་རྒྱུ་བ་སོགས་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་མཐོང་རྒྱུ་ཡོད་པ་མ་ཟད། བྱེ་འགོག་བྱེ་འཇགས་ཐུབ་ནས་ལྗང་མདོག་གི་མཁའ་ལམ་ཞིག་ཐག་རིང་དུ་སྲིང་པའང་མངོན་རྒྱུ་ཡོད།
འབྲེལ་ཡོད་གསར་འགྱུར།