“ཀྲུང་གོ་ནི་ཞི་བདེ་དང་དྲང་བདེན་སྲུང་སྐྱོང་བྱེད་མཁན་གྱི་ བློས་འགེལ་ཆོག་པའི་རོགས་ཟླ་ཞིག་རེད”
——འཛམ་གླིང་དབུས་ཤར་ས་ཁུལ་གྱི་ལས་རིགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བར་གདེང་འཇོག་ཆེན་པོ་བྱས་པ།
ཟླ་11ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་འཛམ་གླིང་དབུས་ཤར་ས་ཁུལ་རྒྱལ་ཁབ་ཀྱི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་14བསྟུད་མར་དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་སྟེ། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་དང་འདོད་ཚུལ་ཐེངས་མང་བཏོན་གནང་བ་ལས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ལུགས་གང་ལེགས་མཚོན་གྱི་ཡོད་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་དྲང་གཞག་དྲང་བདེན་སྐྱོང་བའི་ཀྲུང་གོའི་འགན་འཁྲི་འཁུར་སེམས་ཀྱང་མཚོན་གྱི་ཡོད། ཕྱོགས་ཁག་གིས་ཕ་ལེ་སི་ཐན་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་ཁས་ལེན་དེ་བྱ་སྤྱོད་དུ་བསྒྱུར་ནས་ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། འཛམ་གླིང་དབུས་ཤར་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད།
“རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་བརྡ་རྟགས་གསལ་པོར་མངོན་པ”
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་གནད་དོན་ནི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གནད་དོན་གྱི་འགག་རྩ་རེད། མིག་སྔའི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཛ་དྲག་དུས་བབ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ལ་དོ་ཁུར་བྱེད་པར་བསྒྱུར་མི་རུང་ཞེས་གསུངས་པ་རེད།
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་14བསྟུད་མར་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་ལས་ཀྲུང་གོས་ཕ་ལེ་སི་ཐན་གྱི་གནད་དོན་ལ་མུ་མཐུད་མཐོང་ཆེན་བྱེད་པ་མཚོན་གྱི་ཡོད་ལ། མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་བརྩོན་ལེན་བྱེད་མཁན་ཕ་ལེ་སི་ཐན་མི་དམངས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ལུགས་ཀྱང་མཚོན་གྱི་ཡོད”ཅེས་སོ་ཏི་ཨ་རབ་ཀྱི་ཚན་རིག་ཞིབ་འཇུག་དང་ཤེས་བྱ་སྤེལ་རེས་ལྟེ་གནས་ཀྱི་ཞིབ་འཇུག་པ་མུའུ་ཧན་མོ་ཏེ·ས་ཏི་ཁེ་ཡིས་བརྗོད།
“ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་དང་། “ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕ་ལེ་སི་ཐན་གྱི་གནད་དོན་གྱི་འབྱུང་རྩར་ཐད་ཀར་དམིགས་དགོས་པའི་འབོད་སྐུལ་བྱས་པ་དེ་ལས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་བརྡ་རྟགས་གསལ་པོར་མངོན་གྱི་ཡོད”ཅེས་ཕ་ལེ་སི་ཐན་མི་དམངས་འཐབ་རྩོད་འཐབ་ཕྱོགས་ཆབ་སྲིད་ཅུས་ཀྱི་དྲུང་ཆེ་མུའུ་ཧན་མོ་ཏེ·ཨ་ལུའུ་ཧྲི་ཡིས། ཕ་ལེ་སི་ཐན་གྱི་གནད་དོན་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་ནུས་ལྡན་རང་བཞིན་ལ་ཚོད་བགམ་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
“ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ”
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ནི“རྒྱལ་ཁབ་གཉིས་པོའི་ཇུས་གཞིའི”ཡང་དག་པའི་ཁ་ཕྱོགས་གཏན་འཁེལ་བྱས་ནས། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་སླར་ཡང་ཞི་བའི་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཐུག་ཡོད་ཅེས་གསུངས་ཡོད།
པ་རེན་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་མི་ཟུར་པ་ཅཱ་ཤིས་མུའུ·ཧོའུ་སའེ་དབྱིན་གྱིས་དེའི་ཐད་ལ་ཡིད་མཐུན་ཆེན་པོ་བྱེད་ཅིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས“རྒྱལ་ཁབ་གཉིས་པོའི་ཇུས་གཞི”དེ་རྩ་བའི་ཐབས་ལམ་དུ་བྱེད་པའི་འདོད་ཚུལ་མཐའ་འཁྱོངས་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་གྱི་གནད་འགག་བཙལ་ཡོད། “རྒྱལ་ཁབ་གཉིས་པོའི་ཇུས་གཞི”གང་མགྱོགས་དོན་འཁྱོལ་བྱས་ཚེ་གཞི་ནས་ས་ཁུལ་གྱི་ཞི་བདེ་འགན་སྲུང་བྱེད་ཐུབ་ཅེས་བརྗོད།
ཁ་ཐར་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁེར·ཏི་པ་ཐེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་འདུམ་འགྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་འབྲེལ། 《པེ་ཅིང་གི་བསྒྲགས་གཏམ》ལ་མིང་རྟགས་བཀོད་དེ་ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་ཞུགས་རྒྱལ་ཁབ་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས“ཀྲུང་གོས་ཐུན་མོང་བདེ་འཇགས་དང་ཐུན་མོང་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པར་དངོས་སྒྲུབ་ཇུས་གཞི་མཁོ་འདོན་བྱས་པ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”ཅེས་བརྗོད།
“ཀྲུང་གོའི་ཇུས་གཞིར་མངོན་གསལ་དོད་པའི་ཞི་བདེའི་རང་བཞིན་ལྡན་པ”
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་ཕ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེར་དགའ་ཞེན་དང་དྲང་བདེན་བརྟན་སྲུང་བྱེད་མཁན་རྒྱལ་ཁབ་ཚང་མ་དང་མཉམ་དུ་རྒྱལ་སྤྱིའི་ཁྲིམས་སྐྱོང་རྨང་གཞིར་བྱེད་པ་དང་རྩ་ལག་མཉམ་བཅོས་དམིགས་ཚད་དུ་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འཛམ་གླིང་དབུས་ཤར་ས་ཁུལ་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་ནན་བཤད་གནང་ཡོད།
“མིག་སྔའི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གླེང་མང་བའི་གནད་དོན་ནི་ཕན་ཚུན་མཉམ་འདྲེས་མཉམ་འགུལ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་དང་འདོད་ཚུལ་རབ་དང་རིམ་པས་ས་ཁུལ་གྱི་བདེ་འཇགས་ཀྱི་དཀའ་གནད་སེལ་བར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་པས། ས་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྩི་འཇོག་དང་བསྔགས་བརྗོད་ཐོབ་ཡོད”ཅེས་དང་། “ཀྲུང་གོའི་ཇུས་གཞིར་མངོན་གསལ་དོད་པའི་ཞི་བདེའི་རང་བཞིན་ལྡན་པ་དང་ཀྲུང་གོ་ནི་ཞི་བདེ་དང་དྲང་བདེན་སྲུང་སྐྱོང་བྱེད་མཁན་གྱི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་རེད”ཅེས་ཨེ་ཅིབ་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཏི་ཡ·ཧོར་སྨི་ཡིས་བརྗོད།
ཐུར་ཁེའི《ཞོགས་པའི་ཚགས་པར》གྱི་གསར་འགོད་པ་སེར་ཆིའུ་ཁེ·ཨའེ་ལུན་གྱིས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གནད་དོན་ལ་འཛིན་པའི་ཀྲུང་གོའི་འདོད་ཚུལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཐོང་ཆེན་བྱེད་པ་མཚོན་གྱི་ཡོད་ལ། ས་ཁུལ་མི་དམངས་ཀྱིས་དུས་ཡུན་རིང་པོར་ཞི་བདེ་དང་དྲང་བདེན་རེ་སྒུག་བྱས་པར་ལན་ཡང་བཏབ་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།