དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷ་གྲུ་ཨང་ཉེར་བཞི་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ།

    ཀྲུང་གོ་དང་ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ“བར་སྣང་དུ་མཉམ་འཛོམས”ཐེངས་དང་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-28

    འདི་ནི་ཟླ་11ཚེས་25ཉིན་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་འཕུར་སྐྱོད་ཚོད་འཛིན་ཚོམས་ཆེན་ནས་པར་བླངས་པའི་ལྷ་གྲུ་ཨང་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་དང་ལྷ་གྲུ་ཨང་ཉེར་བཞི་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གི་དྲན་རྟེན་མཉམ་པར་ཡིན་པ།

    ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་2026ལོའི་ཟླ་11ཚེས་25ཉིན་གྱི་ཆུ་ཚོད་8དང་སྐར་མ་18ཐོག ལྷ་གྲུ་ཨང་ཉེར་བཞི་པའི་མི་བཞུགས་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་གཉིས་པ་རྒྱང་ཚོར་Fཉེར་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ་དང་། སྐར་མ་10ཙམ་སོང་རྗེས་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་ཁ་བྲལ་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་སླེབས་ཤིང་། འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གི་གཟུགས་པོའི་གནས་ཚུལ་ཡག་པོ་བྱུང་ནས་འཕེན་གཏོང་ལེགས་གྲུབ་བྱུང་ཡོད་པ་རེད།

    ཐེངས་འདིའི་ལས་འགན་ནི་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་བར་སྣང་ས་ཚིགས་བཀོལ་སྤྱོད་དང་འཕེལ་རྒྱས་དུས་མཚམས་སུ་སླེབས་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཐེངས་བརྒྱད་པ་དང་། འདུ་འགོད་ལག་བསྟར་བྱས་ཚུན་གྱི་འཕེན་གཏོང་ལས་འགན་ཐེངས་ཞེ་གཅིག་པ་ཡིན་པ་མ་ཟད། ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་མི་བཞུཌ་འཕུར་སྐྱོད་ལས་འགན་ནང་ཞུགས་ཐེངས་དང་པོ་ཡང་ཡིན་པ་རེད། 

    ལྷ་གྲུ་ཨང་ཉེར་བཞི་པའི་མི་བཞུགས་འཕུར་གྲུ་འཁོར་ལམ་དུ་འཛུལ་རྗེས། པེ་ཅིང་གི་དུས་ཚོད་2026ལོའི་ཟླ་11ཚེས་25ཉིན་གྱི་ཆུ་ཚོད་11དང་སྐར་མ་56ཙམ་ལ། བར་སྣང་ས་ཚིགས་ཀྱི་མཁའ་མཐུན་ལྟེ་ཚང་གི་མདུན་ཕྱོགས་མཐུད་ཁ་དང་བདེ་བླག་ངང་སྦྲེལ་མཐུད་ཐུབ་ཅིང་བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད་3.5ཙམ་ལས་འགོར་མེད་པ་རེད། མི་བཞུགས་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོ་སྦྲེལ་མཐུད་ཡག་པོ་ཐུབ་རྗེས་ལྷ་གྲུ་ཨང་ཉེར་བཞི་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ནས་འཁོར་ལམ་གྲུ་ཚང་དུ་བདེ་བླག་ངང་འཛུལ་བ་རེད། པེ་ཅིང་གི་དུས་ཚོད་2026ལོའི་ཟླ་11ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་35ཙམ་ལ། འཁོར་ལམ་དུ་ལས་འགན་སྒྲུབ་བཞིན་པའི་ལྷ་གྲུ་ཨང་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས“ཁྱིམ་གྱི་སྒོ་མོ”བདེ་བླག་ངང་ཕྱེ་སྟེ། ཐག་རིང་ནས་ཡོང་བའི་འཇིག་རྟེན་འཕུར་སྐྱོད་པ་3ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱེད་པར་དགའ་བསུ་ཞུས་ཏེ། ཀྲུང་ཕྱིའི་འཇིག་རྟེན་འཕུར་སྐྱོད་པ“བར་སྣང་དུ་མཉམ་འཛོམས”ཐོག་མ་བྱུང་བ་རེད། དེ་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལོ་རྒྱུས་ཐོག་གི“བར་སྣང་དུ་མཉམ་འཛོམས”བྱེད་ཐེངས་དགུ་པ་ཡིན་ལ། “སུམ་རྩེན་ཕོ་བྲང”དུ་ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་བསུ་ཐེངས་ཐོག་མ་ཡང་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།