དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་བཀྲ་ཤིས་སྒྲོལ་མས།

    རྒན་རྒོན་ཚོའི་གྲོགས་པོ་བློས་ཐུབ་དང་། སྙིང་ཉེ་བ། དྲོ་སྐྱིད་སྦྱིན་མཁན་བཅས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-28

    “རྒན་རྒོན་ཚོའི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ་ནི་ངའི་ནམ་ཡང་འགྱུར་བ་མེད་པའི་དོན་གཉེར་བྱ་ཡུལ་ཡིན” འདི་ནི་བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་བཀྲ་ཤིས་སྒྲོལ་མས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད།

    བཀྲ་ཤིས་སྒྲོལ་མ་2012ལོའི་ཟླ་11པར་ལས་ཀར་ཞུགས་ཤིང་། ད་ཆ་ཁོང་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་ཡོན་ཀྲང་རེད། 2021ལོར་ཁོང་ལ་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་ཐོབ། 2023ལོར“ཀྲུང་གོའི་མི་བཟང”གི་མཚན་སྙན་ཐོབ།

    གཟི་བརྗིད་མཚན་སྙན་ཐོབ་རྗེས་ཁོང་གིས་འགན་འཁྲི་དེ་བས་ནན་དུ་བཏང་ནས་རྒན་རྒོན་གྱི་དགོས་མཁོ་ལྟེ་བར་འཛིན་ཐོག་སྡོད་སའི་ཁོར་ཡུག་དང་། བཟའ་བཅའ་འགན་ལེན། སྨན་བཅོས་ལྟ་སྐྱོང་། བསམ་པའི་རིག་གནས། དཔུང་ཁག་འཛུགས་སྐྱོང་སོགས་ཐད་ལ་རྒྱུན་མཐུད་ཤུགས་བརྒྱབ་སྟེ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་གནང་ལུགས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཚོས་ཚོར་ཐུབ་པར་བྱས་པ་རེད།

    དོན་ཐོག་ཏུ་འཁྱོལ་བར་བྱེད་པ་ནི་རྒན་རྒོན་ཚོ“གནས་བཟོད་བདེ་པོས་སྡོད་ཐུབ་པ”དང“ལྟོ་ཚ་པོ་བཟའ་རྒྱུ་ཡོད་པར”བྱེད་དགོས་པ་དེ་ཡིན།

    2024ལོར། བཀྲ་ཤིས་སྒྲོལ་མས་སྣེ་ཁྲིད་དེ་ལྟེ་གནས་དེའི་ཞག་སྡོད་ཁུལ་གསར་པ་གནས་སྤོ་རིམ་སྤོར་གྱི་ལས་གྲྭ་ཧྲིལ་པོའི་འགན་ཁུར། ཨར་སྐྲུན་གྱི་སྤུས་ཚད་རེ་རེ་བཞིན་ཞིབ་བཤེར་རྩིས་ལེན་བྱེད་པ་ནས་འཚོ་བའི་སྒྲིག་བཀོད་ཆ་ཚང་སྒྲིག་སྦྱོར་བྱེད་པའི་བར་དང་། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་74བརྟན་ལ་བདེ་འཇགས་ལྡན་པའི་ངང་གནས་སྤོ་བྱེད་པའི་བར་སོགས་ལས་གྲྭའི་བརྒྱུད་རིམ་ཧྲིལ་པོར་དངོས་སུ་རྗེས་སྙེག་ལྟ་སྐུལ་བྱས་པ་རེད།

    སྔར་ཡོད་ཀྱི་ཟ་ཁང་གུ་དོག་ལ་ཐབས་ཆག་ཡིན་པ་དང་། སྒྲིག་ཆས་རྙིང་པ། བཟའ་བཅའི་སྣ་ཁ་ཉུང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཁོང་གིས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཚད་ལྡན་ཅན་གྱི་ཟ་ཁང་གསར་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་། 2025ལོར། མ་དངུལ་སྒོར་ཁྲི་600བཏང་ནས་བསྐྲུན་པའི་ཟ་ཁང་གསར་པ་དངོས་སུ་སྤྱོད་འགོ་ཚུགས་རྗེས་ལྟེ་གནས་དེའི“སྨན་བཅོས་དང་། རྒན་གསོ། བཟའ་བཅའ། རོལ་རྩེད”བཅས་ཀྱི་ཞབས་ཞུའི་མ་ལག་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

    མིག་སྔར། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.7ཟིན་པའི་ལྟེ་གནས་དེར་ཉལ་ཁྲི་137ཡོད་པ་དང་། དེ་མིན་བསྙེན་བཀུར་ཐོག་ཁང་དང་། ཕྱོགས་བསྡུས་གཞུང་ལས་ཐོག་ཁང་། ལས་བཟོའི་ཉལ་ཁང་། བྱེད་ནུས་མང་བའི་ཟ་ཁང་། གོས་འཁྲུད་ཁང་། ཚེ་མཇུག་གི་ལྟ་སྐྱོང་ཁང་། མེ་ཟོན་ས་ཚིགས་ཆུང་ངུ་སོགས་ཀྱང་ཡོད། ཁང་པའི་ནང་ད་དུང་དྲོད་མཁོ་འདོན་དང་། གསོ་རླུང་། ཛ་དྲག་འབོད་ཆས། གསང་སྤྱོད་དང་ཁྲུས་ཁང་སོགས་ཀྱང་བཀོད་སྒྲིག་བྱས་ཡོད་པས། མཁྲེགས་ཆས་འགན་ལེན་ནུས་པ་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད།

    “རྒན་རྒོན་ཚོའི་བདེ་སྐྱིད་ནི་ལྟོས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོས་པ་ཙམ་མ་ཡིན་པར་ད་དུང་སེམས་ཁམས་ཀྱང་སྐྱིད་པོ་ཡོང་བ་བྱེད་དགོས” བཀྲ་ཤིས་སྒྲོལ་མས“ཟླ་རེར་བརྗོད་དོན་གཙོ་བོ་རེའི”རིག་གནས་བྱེད་སྒོའི་ལམ་སྲོལ་གསར་གཏོད་དང་ཁྱབ་གདལ་བཏང་ནས་བོད་ལུགས་མིག་མངས་དང་། གསར་བརྗེའི་གླུ་གཞས་གཏོང་བ། དུས་ཆེན་གྱི་མཉམ་སྤྲོའི་བྱེད་སྒོ། སྤྲོ་སྣང་ལྡན་པའི་རིག་གནས་ལུས་རྩལ་བྱེད་སྒོ་བཅས་རྒྱུན་རྣམ་ཅན་གྱིས་སྒྲིག་འཛུགས་བྱས་ནས། རྒན་རྒོན་ཚོའི་སྤྲོ་སྣང་འཕེལ་བར་བྱས་ཡོད།

    སྙན་རོང་རྫོང་ལ་ད་ཆ་དམིགས་བསལ་དཀའ་ངལ་ཡོད་པའི་མི་195ཡོད་པའི་ཁྲོད་ཀྱི་མི་108གཅིག་སྡུད་བསྙེན་བཀུར་དང་མི་87ཁ་ཐོར་བསྙེན་བཀུར་བྱེད་ཀྱི་ཡོད། ལྟེ་གནས་དེར་བསྙེན་བཀུར་བྱེད་པའི་རྒན་རྒོན་ཚོའི་ཆ་སྙོམས་ལོ་ཚད་ལོ་75ཡན་ཡིན་པ་དང་། དེ་དག་ཁྲོད་ཀྱི་རྒན་རྒོན་ཕྱེད་ཀ་ལྷག་ལོ་འཁོར་མོར་གཅོང་ནད་དང་རྒས་ནད་ཀྱིས་མནར་ནས་རང་མགོ་མི་ཐོན་པའམ་ཡང་ན་རང་མགོ་ཐོན་ཙམ་ཡིན་ཡང་སྨན་ཁང་དང་ཐག་རིང་བའི་ཁར་ནད་གཡོག་རྒྱུག་མཁན་མེད་པ་ཤ་སྟག་རེད། དེ་ནི་ས་མཐོའི་རྒན་གསོའི་དཀའ་གནད་ཆེ་ཤོས་དེ་ཡིན། དཀའ་གནད་དེ་དག་གི་མདུན་དུ། བཀྲ་ཤིས་སྒྲོལ་མས་ལྷག་བསམ་རྣམ་དག་གིས་ལས་དོན་པ་ཡོངས་དང་མཉམ་དུ་རྒན་རྒོན་ཚོའི་གྲོགས་པོ་བློས་ཐུབ་དང་། སྙིང་ཉེ་བ། དྲོ་སྐྱིད་སྦྱིན་མཁན་བཅས་བྱེད་ཀྱི་ཡོད་པ་རེད།

    བཀྲ་ཤིས་སྒྲོལ་མའི་ལས་ཀའི་ཁྲོད་དུ་སེམས་རྩ་འཁོལ་པོས་ལྟ་སྐྱོང་དང་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་པའི་གཏམ་རྒྱུད་ད་དུང་མང་པོ་ཡོད།

    རྫོང་ཁོངས་ཀྱི་ཁ་ཐོར་བསྙེན་བཀུར་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་མང་ཆེ་བ་ཐག་རིང་འབྲོག་ཁུལ་དུ་གཅིག་པུར་སྡོད་ཀྱི་ཡོད་པས་སྡོད་གནས་ཁ་ཐོར་ཡིན་པའི་ཁར་ལྟ་རྟོག་བྱེད་མཁན་ཡང་མེད། དེར་བརྟེན་ཁོང་ཚོའི་འཚོ་བའི་དཀའ་གནད་དུས་རྒྱུན་ཐག་གཅོད་བྱེད་མཁན་མེད་པར་ལུས་ཡོད་པ་རེད།

    “རྒན་རྒོན་གཅིག་ཀྱང་མ་ལུས་པར་ཚང་མར་ངེས་པར་དུ་གཅེས་སྐྱོང་བྱེད་དགོས” འདས་ཟིན་པའི་ལོ་གཉིས་རིང་། ཚན་པར་གཞུང་འཁོར་མེད་སྐབས། བཀྲ་ཤིས་སྒྲོལ་མས་རང་ཉིད་ཀྱི་སྒེར་འཁོར་དེ་འབྲོག་ཁུལ་གྱི“གཅེས་སེམས་ཞབས་ཞུའི་རླངས་འཁོར”ལ་བརྩིས་ནས་ལོ་འཁོར་མོར་རྫོང་ཡོངས་ཀྱི་ཤང་གྲོང་ཁག་དང་ཐག་རིང་འབྲོག་ཁུལ་དུ་བསྐྱོད་ཅིང་། རིམ་རྩིས་བརྒྱབ་ན་གྲོང་གསེབ་ཏུ་བསྐྱོད་པའི་ལམ་ཐག་སྤྱི་ལེ་ཁྲི་1ལྷག་ཙམ་ཟིན་གྱི་ཡོད། དུད་ཚང་རེ་རེར་སླེབས་རིམ་བཞིན་ཁོང་གིས་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཞིབ་ཚགས་དང་། དམངས་ཕན་སྲིད་ཇུས་སྒྲོག་འགྲེལ། རྒན་རྒོན་ཚོའི་གཟུགས་གཞི་བདེ་ཐང་ཡིན་མིན་འདྲི་རྩད། འཚོ་བའི་དཀའ་གནད་ཐོ་འགོད། སྨན་རྫས་དང་འཚོ་བའི་དངོས་ཟོག་སྤྲོད་པ་བཅས་བྱས་ནས་ཁ་ཐོར་བསྙེན་བཀུར་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཚང་མའི་འཚོ་བའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་པ་རེད།

    སྤུས་ལེགས་ཀྱི་རྒན་གསོའི་ཞབས་ཞུ་དེ་ཆེད་ལས་ཀྱི་ཤེས་ལྡན་པའི་དཔུང་ཁག་དང་ཁ་འབྲལ་ཐབས་མེད། 2024ལོ་ནས་བཟུང་བཀྲ་ཤིས་སྒྲོལ་མས་ལྟེ་གནས་ཡོངས་ཀྱི་ལས་དོན་པ་རྒྱུན་དུ་སྒྲིག་འཛུགས་བྱས་ཏེ་གཡོག་བྱེད་རྩལ་ནུས་དངོས་སྤྱོད་དང་། ལས་གནས་སྦྱོང་བརྡར། ལས་སྒོའི་གསོ་སྦྱོང་བཅས་བྱེད་བཞིན་ཡོད། ད་ཆ་ལྟེ་གནས་དེའི་དོ་དམ་དང་། གཡོག་བྱེད། སྨན་དོན། རྒྱབ་ཕྱོགས་མཁོ་སྒྲུབ་བཅས་བྱེད་མཁན་ལས་དོན་པ་40ཚང་མ་ལག་ཁྱེར་ཁྱེར་ནས་ལས་གནས་ཐོག་སྐྱོད་མཁན་དུ་གྱུར་ཏེ། ས་མཐོའི་རྒན་གསོའི་དགོས་མཁོ་དང་འཚམ་ལ་དྲོ་སྐྱིད་སྦྱིན་ནུས་པའི་ཆེད་ལས་ཅན་གྱི་གཡོག་བྱེད་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཡོད་པ་རེད།

    ལྟེ་གནས་ཀྱི་ལས་དོན་ནི་སྤྱིར་བཏང་དང་ཙག་ཙིག་ཡིན་ཡང་། དེ་ནི་རྒན་རྒོན་ཚོའི་བདེ་སྡུག་དང་འབྲེལ་ཡོད། ལོ་མང་རིང་བཀྲ་ཤིས་སྒྲོལ་མས་རྒན་གསོའི་བྱ་གཞག་ལ་བཅངས་པའི་ལྷག་བསམ་རྣམ་དག་གི་གཤིས་སྤྱོད་ལ་བརྟེན་ཏེ་གཏམ་སྦྱོར་རེ་རེའི་ཐོག་ནས་ཏང་ཡོན་གྱི་འགན་འཁྲི་འཁུར་སེམས་ལ་གསལ་འགྲེལ་བྱས་པ་དང་གཅེས་སེམས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་རྒན་རྒོན་ཚོ་ཚེ་མཇུག་བདེ་བར་རོལ་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།