མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་འབད་འབུངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ནུས་ཤུགས་ཡོད་རྒུས་སྐྲུན་དགོས།
——རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཟབ་མོ་བསྣམས་ཤིང་། སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ལས་འགན་ཕྲག་ཏུ་ཁུར་ནས། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་རིང་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
ད་རེས་ཀྱི་ཚོགས་ཆེན་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་འགག་རྩའི་དུས་མཚམས་སུ་འཚོག་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཚོགས་ཆེན་ཐོག་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་སླད་ཕྱིན་ལོ་ལྔའི་ལས་དོན་གྱི་སྤྱིའི་བླང་བྱ་དང་། འབད་འཐབ་དམིགས་ཚད། གཙོ་གནད་ལས་འགན་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱ་རྒྱུ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པ་འདེམས་བསྐོ་བྱ་རྒྱུ་རེད། ད་ཐེངས་ཀྱི་ཚོགས་ཆེན་ཡག་པོ་འཚོག་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱེད་པ་དང་། གདེང་ཚོད་བརྟན་དུ་གཏོང་བ་དང་རྒྱུན་མཐུད་འབད་འཐབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུར་སྐུལ་སློང་དང་སྐུལ་ལྕག་བྱེད་པར་ཤུགས་རྐྱེན་གཏིང་ཟབ་དང་དོན་སྙིང་གལ་ཆེན་ལྡན་ཡོད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཞུམ་མེད་མདུན་སྐྱོད་དང་མཐུན་སྒྲིལ་འབད་འབུངས་བྱས་པའི་ལོ་ལྔ་དང་། བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་རྒྱུན་གཏན་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་བོད་ཀྱི་ལས་དོན་ལ་འཐབ་འགོད་ཇུས་འདོན་དང་ཁ་ཕྱོགས་ཁྲིད་སྟོན་གནང་བ་དང་། ལྷག་པར་དུ་སྐུ་ངོ་མས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྙིང་རུས་ཆེན་པོས་བརྩོན་ལེན་དང་དཀའ་སྤྱད་འབད་འཐབ་དང་། “དོན་ཆེན་བཞིར”དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་འཁྱོངས་ཡག་པོ་ཐུབ་པ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ཏན་ཏིག་དང་ནུས་ལྡན་ཡོང་བ། དམངས་གཙོའི་ཆབ་སྲིད་སྲ་བརྟན་དང་འཕེལ་རྒྱས་འགྲོ་བ། རིག་གནས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་སྤེལ་ཟབ་གཏོང་བཅས་ལ་སྐུལ་འདེད་བཏང་བས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འཕེལ་ཕྱོགས་བཟང་པོ་ཐོན་པ་དང་། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་སྐྱེ་སྟོབས་རྒྱས་ནས་འོད་སྟོང་འབར་བའི་མདུན་ལམ་མངོན་ཡོད།
ལོ་ལྔ་འབད་འབུངས་བྱས། འབྲས་བཟང་རབ་ཏུ་སྨིན། དཀའ་བ་དང་དུ་བླངས། འབྲས་བཟང་ལོས་ཀྱིས་ཐོབ། བོད་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་གངས་ལྗོངས་ས་མཐོར་བྱུང་བའི་འགྱུར་ལྡོག་ཆེན་པོའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་སྒྱུར་ཕྱོགས་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་བཅས་ལ་ཐུག་ཡོད། ལོ་ལྔའི་འབད་འཐབ་ཀྱི་ལམ་བུར་ཧ་ཅང་རྩ་ཆེ་བའི་ལག་ལེན་གྱི་ཉམས་མྱོང་བསགས་ཡོད་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སྤྱིའི་རྩ་འཛིན་དང་གཞི་འཛིན་སར་བརྩི་བ་དང་། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བཅས་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་བརྗིད་ཆེའི་འཆར་གཞི་བཀོད་གནང་བ་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ངེས་ཡིན་པའི་མྱོང་ཚོར་གཏིང་ཟབ་བྱུང་ཡོད།
མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་བཅོལ་གནང་བའི་ཐུགས་རེ་ཟབ་མོ་ཞིག་དང་། ཏང་ཀྲུང་དབྱང་གིས་བོད་ལ་དཀྲིས་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་བཅས་རེད། མིག་སྔར། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་པ་དང་། ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ལ་རྒྱལ་ཁ་ལེན་པ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བའི་འགག་རྩའི་མཚམས་ཚིགས་སུ་གནས་ཡོད། ང་ཚོས་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ། རེ་བ་ཆེན་པོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱེད་དགོས་ཤིང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་གྱི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་འབྱོར་ཕྱུག་གི་བོད་ལྗོངས་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཤེས་དཔལ་གྱི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་དུས་རབས་གསར་པའི་ཤེས་དཔལ་སྲོལ་གསར་སྐྱེད་སྲིང་བྱེད་པའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞི་མཐུན་གྱི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་འགན་འཁྲི་དང་ལས་འགན་གསར་པར་དམིགས་ཏེ། དེ་བས་རང་འགུལ་གྱི་སྙིང་སྟོབས་དང་དེ་བས་གནད་སྨིན་གྱི་བྱེད་ཐབས་ཐོག་ནས་ཏན་ཏན་ཏིག་ཏིག་ངང་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་བྱེད་པར། ང་ཚོས་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་ཞུས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་ཀྱིས་དེ་ཉིད་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པར་སྐུལ་འདེད་གཏོང་དགོས། མི་དམངས་གོང་དུ་བཀུར་བ་དང་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་དགོས། བརྒྱུད་རིམ་ཀྱི་ལྟ་བ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞི”དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྲ་ཞིང་བརྟན་པའི་ངེས་ཤུགས་དང་། ཞུམ་མེད་མདུན་སྐྱོད་ཀྱི་བློ་སྟོབས། དམ་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་མཁན་འཐུས་མི་ཡོངས་ཀྱིས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་འགན་འཁྲིར་ངོ་མི་གནོང་བ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་། ཚོགས་ཆེན་གྱི་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ། ཕྱར་བ་གྲུ་འདེགས་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་ཉིད་དར་ཆ་མཐོན་པོར་སྒྲེང་བ་དང་། ལྷག་བསམ་རྣམ་དག་བྱེད་པ། བསམ་བློ་གཅིག་གྱུར། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། འབད་འབུངས་ཡར་བརྩོན། འབྱུང་འགྱུར་གཏོད་པ་བཅས་ཀྱི་ཚོགས་ཆེན་ཞིག་འཚོག་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད།
ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
འབྲེལ་ཡོད་གསར་འགྱུར།