རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པས་གྲ་སྒྲིག་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།
ཧུའུ་ཁྲང་ཧྲེང་གིས་གྲ་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གནང་བ།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་། དྲུང་ཆེ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མཚན་ཐོ་དང་ཚོགས་ཆེན་གྱི་གྲོས་རིམ་སོགས་ལ་གྲོས་འཆམ་བྱུང་བ།
ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མཚན་ཐོ་དང་། འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་སྒྲོན། ཚོགས་ཆེན་གྱི་ཉིན་རེའི་གྲོས་རིམ་སོགས་ལ་གྲོས་འཆམ་བྱུང་བ།
ཚེས་27ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པས་གྲ་སྒྲིག་ཚོགས་འདུ་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད།
བློ་མཐུན་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་འཐུས་མི་594ཕེབས་དགོས་པ་དང་། གྲ་སྒྲིག་ཚོགས་འདུར་ཞུགས་མཁན་འཐུས་མི་584ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད།
ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་མཚན་ཐོ་དང་དྲུང་ཆེའི་མཚན་ཐོར་གྲོས་འཆམ་བྱུང་བ་དང་ཀྲུའུ་ཞི་ཚོགས་པ་མི་64ལས་གྲུབ་པ་དང་། ཀུང་ཧུའེ་ཚའེ་ཚོགས་ཆེན་གྱི་དྲུང་ཆེ་ཡིན་པ་རེད།
ཚོགས་འདུའི་ཐོག་མི་11ལས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཚན་ཐོར་གྲོས་འཆམ་བྱུང་བ་རེད།
ཚོགས་ཆེན་ཐོག་ད་དུང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚོགས་འདུའི་གྲོས་རིམ་དང་དམིགས་བསལ་གདན་ཞུས་འཐུས་མིའི་མཚན་ཐོར་གྲོས་འཆམ་བྱུང་བ་རེད། ཚོགས་ཆེན་གྱི་གྲོས་རིམ་ནི། གཅིག ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་སྙན་སྒྲོན་གསན་རྒྱུ་དང་དེར་ཞིབ་བཤེར་གནང་རྒྱུ། གཉིས། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ལས་དོན་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ། གསུམ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པ་འདེམས་བསྐོ་བྱེད་རྒྱུ། བཞི། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པ་འདེམས་བསྐོ་བྱེད་རྒྱུ་བཅས་རེད།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། དེར་བརྟེན། འཐུས་མི་རྣམ་པས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་འཐུས་མིའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཏན་ཏིག་བསྒྲུབ་རྒྱུའི་རེ་བ་ཡོད། སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་བྱེད་པ་དང་། བློ་གྲོས་ཟབ་པའི་གྲོས་འགོ་མང་ཙམ་འདོན་པ། དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་པ་བཅས་བྱས་ཏེ་ཚོགས་ཆེན་གྱི་སྙན་སྒྲོན་གྱིས་སླད་ཕྱིན་ལོ་ལྔའི་རིང་གི་བོད་ཀྱི་བྱ་གཞག་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྔར་བས་སྣེ་ཁྲིད་ཐུབ་པ་བྱེད་དགོས། དབང་ཆ་ཡང་དག་པ་སྤྱོད་དགོས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཏང་དང་མི་དམངས་ཀྱིས་གནང་བའི་དམངས་གཙོའི་དབང་ཆ་དང་འོས་འགན་ཡང་དག་པ་སྒྲུབ་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་མཚོན་དགོས། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ནན་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཚོགས་ཆེན་གྱི་ལམ་ལུགས་དང་གཏན་འབེབས་ཁག་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཚོགས་ཆེན་ཡག་པོ་འཚོག་ཐུབ་པ་བྱེད་དགོས།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་པ་རེད།
ཚོགས་འདུར་ཀྲུའུ་ཞི་ཚོགས་པའི་ཁོངས་མི་64ཕེབས་དགོས་པ་དང་དངོས་སུ་60ཕེབས་ཡོད་པ་རེད།
ཚོགས་འདུར་དང་ཐོག་ཚོགས་ཆེན་གྱི་དྲུང་ཆེ་ཀུང་ཧུའེ་ཚའེ་ཡི་གཙོ་སྐྱོང་འོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མཚན་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
དེ་རྗེས་བློ་མཐུན་ཧུའུ་ཁྲང་ཧྲེང་གི་གཙོ་སྐྱོང་འོག་ཚོགས་འདུར་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དྲུང་ཆེ་གཞོན་པའི་མཚན་ཐོ་དང་། འཐུས་མིའི་ཐོབ་ཐང་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་སྒྲོན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཟུར་ཞུགས་མི་སྣའི་མཚན་ཐོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུའི་གདན་ཞུས་མི་སྣའི་མཚན་ཐོ། ཏང་དངུལ་བསྡུ་བ་དང་། བེད་སྤྱོད། དོ་དམ་བཅས་བྱས་ཚུལ་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་དྲུང་ཡིག་ཁྲུའི་སྒྲིག་གཞི་འཛུགས་པ་དང་དེའི་འགན་ནུས། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཉིན་རེའི་གྲོས་རིམ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
འབྲེལ་ཡོད་གསར་འགྱུར།