རྒྱལ་ཡོངས་བཟོ་ཚོགས་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
ཉེ་ཆར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བརྡ་ཐོ་བཏང་བར། རྒྱལ་ཡོངས་བཟོ་ཚོགས་ཀྱིས་2027ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། རིམ་ཁག་བཟོ་ཚོགས་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གཅིག་སྡུད་ལེབ་བཤེར་བྱས་ནས་ཐབས་ལམ་མང་པོ་བརྒྱུད་དཀའ་ངལ་ཡོད་པའི་ལས་བཟོ་དབྱེ་བཤེར་བྱ་རྒྱུ་ཡིན་ཞིང་། ཚོགས་སྤྱི་མི་འདྲ་བར་དམིགས་ནས་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་ཏེ་ཐུགས་ཁུར་དང་ཞབས་འདེགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྐྱེལ་དགོས།
2027ལོའི“དུས་ཆེན་གཉིས”རིང་། དཀའ་ངལ་ཡོད་པའི་ལས་བཟོ་དང་གཙོ་གནད་ཚོགས་སྤྱིའི་ལས་བཟོར་དམིགས་ནས་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་དགོས་པ་དང་། དཀའ་ངལ་ཡོད་པའི་ལས་བཟོའི་ནང་། མི་སྒེར་གྱི་འདོད་མོས་མིན་པའི་ལས་བྲལ་ལས་ཤོར་དང་། ཁྱིམ་ཚང་གི་ཡོང་འབབ་མངོན་གསལ་དོད་པོས་དམའ་བ། བུ་ཕྲུག་གི་སློབ་གསོའི་འགྲོ་གྲོན་གྱི་ཁུར་པོ་ལྕི་བ་སོགས་ཀྱིས་རྐྱེན་པས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་འཕྲད་པའི་ལས་བཟོ་དང་། རང་ཉིད་དམ་ཡང་ན་ཁྱིམ་ཚང་གི་ཁོངས་མིར་གནོད་འཚེ་སྣ་ཚོགས་ཕོག་པ་དང་ནད་གཞི་ལྕི་པོ་ཕོག་པའམ་ཡང་ན་གློ་བུར་དུ་དོན་རྐྱེན་ཐོན་པ་སོགས་ཀྱིས་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་པའི་ལས་བཟོ། མཚམས་འཇོག་སྒྲིལ་སྒྱུར་ཁེ་ལས་ཀྱི་གླ་ཆ་སྤྲོད་མཚམས་བཞག་པའམ་ཉུང་དུ་བཏང་བའི་རྐྱེན་གྱིས་འཚོ་བར་དཀའ་ངལ་འཕྲད་པའི་ལས་བཟོ། ལས་རྨས་སམ་ཡང་ན་ལས་རིགས་ཀྱི་གཅོང་ནད་ཀྱིས་རྐྱེན་པས་དབང་པོར་སྐྱོན་ཤོར་བའི་ལས་བཟོ་དང་། གཞུང་དོན་དུ་རང་སྲོག་ཤོར་བའི་ལས་བཟོའི་ནང་མི། ནད་གཞི་ཚབས་ཆེན་གྱིས་རྐྱེན་པས་གཤགས་བཅོས་བྱས་པ་དང་སྨན་ཁང་དུ་བསྡད་པའི་ལས་བཟོ་སོགས་ཚུད་ཡོད། གཙོ་གནད་ཚོགས་སྤྱིའི་ལས་བཟོའི་ནང་། མྱུར་སྐྱེལ་བ་དང་། དྲ་སྐྱེལ་བ། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་བཅས་གཙོ་གནད་དུ་བྱས་པའི་ལས་ཞུགས་ཚོགས་སྤྱི་གསར་པ་དང་དེ་བཞིན་སྟབས་བསྟུན་ལས་ཞུགས་མི་སྣ་དང་། དུས་ཆེན་རིང་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་གཙོ་གནད་ལས་གྲྭ་དང་། རྣམ་གྲངས་གལ་ཆེན། གཙོ་གནད་ཁྱབ་ཁོངས། གཙོ་གནད་ལས་རིགས་བཅས་ཀྱི་ལས་བཟོ་དང་། དཀའ་ཚེགས་ཆེ་བའི་ལས་གནས་ཀྱི་ལས་བཟོ། ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་སོགས་ཀྱི་ལས་བཟོ་ཚུད་ཡོད་པ་རེད།
བཟོ་ཚོགས་ཀྱིས་1992ལོ་ནས་བཟུང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་འགོ་ཚུགས་ཚུན་ད་བར་ལོ་30ལྷག་ཙམ་བསྟུད་མར་སྤེལ་ཡོད། 2027ལོར་རིམ་ཁག་བཟོ་ཚོགས་ཀྱིས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། ད་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག་དྲོ་སྐྱིད་སྦྱིན་པའི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་དང་། “དུས་ཆེན་གཉིས”རིང་དྲོ་སྐྱིད་སྦྱིན་པའི་ལས་དོན་མཇུག་འགྲིལ་རྗེས་རྒྱུན་རྣམ་ཅན་གྱི་དྲོ་སྐྱིད་སྦྱིན་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་ཚང་གི་གནས་ཚུལ་ལ་དོ་ཁུར་དང་དུས་ཐོག་ཏུ་རོགས་སྐྱོར་བྱེད་པ། ཞབས་ཞུའི་ནང་དོན་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ལོ་འགོ་ལོ་མཇུག་གི་གཅིག་སྡུད་བྱ་སྤྱོད་དེ་ལོ་ཧྲིལ་པོར་སྣུར་སྲིང་ཐུབ་པར་རྒྱུན་མཐུད་དོ་ཁུར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།