ཀྲུང་ཧྥེའི་གཞོན་ནུའི་མཉམ་སྤྲོ་ཆེན་པོ་སྐབས་བཅུ་པ་པེ་ཅིང་དང་ཧྲའན་ཤིས་སུ་གཉེར་བ།
“ཧྥེ་ཀྲུང་དབར་གཉིས་མོས་མཉམ་འབད་ཀྱི་སྤེལ་རེས་འབྲེལ་ཟམ་བསྐྲུན་རྒྱུའི་རེ་སྒུག་བྱེད་པ”

འདི་ནི་ཨ་ཧྥེ་རི་ཁའི་གཞོན་ནུའི་འཐུས་མིས་ཤིས་ཨན་གྱི་པི་ཡ་ཏི་རླངས་འཁོར་ཚད་ཡོད་ཀུང་སིར་རིག་ནུས་སྡོད་སྟེགས་ཉམས་ལེན་བྱེད་བཞིན་པ།
ཉེ་ཆར། ཕྱི་འབྲེལ་པུའུ་དང་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་ཧྥེའི་གཞོན་ནུའི་མཉམ་སྤྲོ་ཆེན་པོ་སྐབས་བཅུ་པ་པེ་ཅིང་དང་ཧྲའན་ཤིས་སུ་གཉེར་ཞིང་། བྱེད་སྒོས“བགྲང་བྱ་བཅུའི་རིང་ཕུགས་འདུན་མཉམ་དུ་གཏོད། ལག་གདང་སྦྲེལ་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཁོངས་མིའི་རྒྱལ་ཁབ་50དང་དེ་བཞིན་ཨ་ཧྥེ་རི་ཁ་མནའ་འབྲེལ་སོགས་ཀྱི་གཞོན་ནུའི་འཐུས་མི་60ལྷག་ཙམ་གསར་བརྗེའི་སློབ་གསོའི་རྟེན་གཞི་དང་། ལོ་རྒྱུས་རིག་གནས་ཀྱི་ས་ཁམས་མཚོན་རྟགས། དེ་བཞིན་དེང་རབས་ཅན་གྱི་ཚན་རྩལ་གསར་གཏོད་ཁེ་ལས་བཅས་ལ་ལྟ་སྐོར་བྱེད་པའི་ནང་ཞུགས་པ་དང་འབྲེལ་མཐོ་སློབ་ཀྱི་དགེ་སློབ་དང་བཞུགས་མོལ་སྤེལ་རེས་ཀྱང་བྱས་པ་རེད། ཨ་ཧྥེ་རི་ཁའི་གཞོན་ནུའི་འཐུས་མིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ད་ཐེངས་ཀྱི་ལྟ་སྐོར་དང་སྤེལ་རེས་བརྒྱུད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ལ་ངོས་འཛིན་དེ་བས་ཟབ་མོ་བྱུང་ནས་ད་ཐེངས་ཀྱི་མཐོང་ཐོས་མྱོང་གསུམ་ཨ་ཧྥེ་རི་ཁའི་གྲོགས་པོ་སྔར་ལས་མང་བར་ངོ་སྤྲོད་བྱས་ཏེ་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད།
“ཆོད་སེམས་ཡོད་པ་དང་། མཐའ་འཁྱོངས་བྱེད་ཕོད་པ། དངོས་སྒྲུབ་ལ་སྣང་ཆེན་བཅས་བྱས་ཚེ་དགེ་མཚན་ལྡན་པའི་འགྱུར་ལྡོག་ཡོང་ཐུབ”
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དགོས་དོན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཡག་པོ་ཡོད་དགོས་དོན། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨ་ཧྥེ་རི་ཁ་དང་འཛམ་གླིང་ལ་གོ་སྐབས་གང་འདྲ་ཞིག་སྦྱིན་མིན་བཅས་ཐད། ཨ་ཧྥེ་རི་ཁའི་གཞོན་ནུའི་འཐུས་མིས་ལྟ་སྐོར་རིང་རྒྱུན་ཆད་མེད་པར་བསམ་གཞིག་བྱེད་པ་དང་དྲིས་ལན་འཚོལ་བཞིན་མཆིས།
ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་བསྐྱོད་དེ་ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་ཚད་ལྡན་ཡིག་ཆ་རེ་རེའི་མདུན་དུ་ཨ་ཧྥེ་རི་ཁའི་གཞོན་ནུའི་འཐུས་མི་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ཉན་སྐྱོར་དང་ལྟ་སྐྱོར་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཚོར་བར་བྱས་པ་རེད།
སི་ར་ལ་ཨོང་གི་ཤིན་ཁུང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཆའོ་ཀྲི·ཨའེ་ལི་ཨའོ་ཐེ·སཱ་མུའུ་ཡིས། འགྲེམས་སྟོན་ཁང་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ལམ་བུ་ཟིན་ཐོར་བཀོད་ཡོད་ལ། ཕྱི་རབས་པ་དང་འཛམ་གླིང་ལ་ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་གསལ་སྟོན་ཡང་བྱས་ཡོད། “དེས་ང་ཚོར་ཨ་ཧྥེ་རི་ཁའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཐོག་མུ་མཐུད་དམིགས་ཚད་གཏན་འཁེལ་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱིས་གོམ་པ་རེ་རེ་བྱས་ནས་ཕུགས་འདུན་མངོན་འགྱུར་བྱེད་པར་སྐུལ་མ་ཐེབས་རྒྱུ་རེད”ཅེས་བརྗོད།
“ཧྥེ་ཀྲུང་གི་གཞོན་ནུའི་དབར་ཕན་ཚུན་ཤེས་རྟོགས་སྔར་བས་གཏིང་ཟབ་ཡོང་བར་ཕན་པ་ཡོད”
ད་ལོ་ནི་ཀྲུང་ཧྥེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ཀྲུང་ཧྥེའི་གཞོན་ནུའི་མཉམ་སྤྲོ་ཆེན་པོ་ནི་2015ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་རྩེ་གྲའི་གསལ་ཐོའི་ནང་བཅུག་པའི་དམིགས་ཡུལ་ནི་ཀྲུང་ཧྥེའི་གཞོན་ནུའི་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྥེའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་མཐུད་རྒྱུ་དེ་རེད།
ཀྲུང་ཧྥེའི་གཞོན་ནུའི་མཉམ་སྤྲོ་ཆེན་པོའི་ནང་ཞུགས་ཐེངས་གཉིས་པ་ཡིན་པའི་ཀ་པོན་ལེབ་ཝེར་རྒྱལ་སྤྱིའི་སློབ་ཆེན་གྱི་དྲུང་ཆེ་ཨར་པེ་ཏི་ན·ཁུའུ་སུའུ་ཡིས“ཀྲུང་གོའི་དམངས་ཚོགས་ཀྱིས་སེམས་རྩ་འཁོལ་པོས་མགྲོན་པོར་སྣེ་ལེན་ཞུ་བ་དང་མཛའ་གྲོགས་འཆམ་མཐུན་བྱས་ཏེ་ང་ཚོ་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་སུ་བརྩི་གི་ཡོད། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་རང་ངོས་འཕེལ་རྒྱས་ཀྱི་འགྲོ་ལམ་གདམ་ག་བྱེད་པར་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད”ཅེས་བརྗོད།
“མི་ཆོས་རིག་གནས་སྤེལ་རེས་ཀྱི་དོན་སྙིང་ནི་ཕན་ཚུན་ཤེས་རྟོགས་བྱེད་པ་ཙམ་དུ་མ་ཟད། སྐད་ཆ་ཤོད་རེས་བརྒྱུད་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་རྒྱུར་དེ་བས་ཀྱང་རག་ལས་ཡོད”མ་ལ་ཝེའི་གཞོན་ནུ་པུའུ་ལའེ་ཐེ·ཆི་ལི་ཀེ་ཡིས་བལྟས་ན། ཉིན་ཤས་རིང་ཧྥེ་ཀྲུང་གི་གཞོན་ནུས་རང་སོ་སོར་འཕྲད་པའི་དཀའ་གནད་ལྷུག་པོར་གླེང་ནས་ཐུན་མོང་རང་བཞིན་གྱི་གནད་དོན་ལ་ཁ་གཏད་གཅོག་པའི་ཇུས་གཞི་བརྗེ་རེས་བྱས་ཏེ་འཛམ་གླིང་ལ་ལྟ་སྟངས་གསར་པ་འཛིན་ལུགས་རྟོགས་ཡོད། ཁོང་གིས། ཀྲུང་གོའི་འཕེལ་རྒྱས་ཀྱི་ལག་ལེན་གྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ《2063ལོའི་གྲོས་རིམ》མངོན་འགྱུར་བྱ་ཆེད་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད། “ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཀྱི་བགྲོད་ལམ་རང་བརྟེན་ངང་འཚོལ་ཞིབ་བྱེད་སྐབས། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་ཟུང་འབྲེལ་བྱས་ནས་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་བྱས་ཏེ་རང་ངོས་འཕེལ་རྒྱས་ཀྱི་རེ་འདོད་རེ་རེ་བཞིན་དོན་འཁྱོལ་བྱེད་དགོས”ཞེས་བརྗོད།
“ཧྥེ་ཀྲུང་གི་ཐོན་ལས་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་གསར་གཏོད་ལག་རྩལ་གྱིས་ཨ་ཧྥེ་རི་ཁའི་དམངས་ཚོགས་ལ་ཕན་པ་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”
ལྟ་སྐོར་བྱེད་རིང་། ཨ་ཧྥེ་རི་ཁའི་གཞོན་ནུའི་འཐུས་མིས་ཀྲུང་གོའི་ལོ་རྒྱུས་ཡུན་རིང་དང་དེང་རབས་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཟབ་མོ་ཚོར་ཡོད།
གནའ་བོའི་ཕོ་བྲང་གི་རྟེན་མཛོད་ཁང་དུ་གཞོན་ནུའི་འཐུས་མི་ཚོས་ཡུལ་དངོས་སུ་རིག་དངོས་སྲུང་སྐྱོང་ཉམས་གསོ་དང་རིག་གནས་རྒྱུ་ནོར་གྲངས་འཛིན་ཅན་གྱི་བེད་སྤྱོད་སོགས་ཀྱི་ལས་དོན་ཤེས་རྟོགས་བྱས་ནས་ལོ་བརྒྱའི་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་སྐོར་མྱོང་ཚོར་བྱས་ཤིང་། ཆི་ལི་ཀེར་གནའ་བོའི་ཕོ་བྲང་ནི་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་ཤིང་ལས་གྲུབ་པའི་ཕོ་བྲང་གི་བཟོ་བཀོད་ཁྱུ་ཚོགས་ཤིག་ཡིན་ལ། ཡུན་རིང་གི་ཉམས་གསོ་དང་སྲུང་སྐྱོང་ལས་བྱུང་བའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཞིང་། གནས་དེ་གར་མི་རབས་ནས་མི་རབས་བར་གྱི་བརྟན་སྲུང་ལ་སྙིང་དབུས་ནས་མོས་གུས་རབ་ཏུ་སྐྱེ་རུ་འཇུག
“ད་ཐེངས་ཀྲུང་གོར་སྐྱོད་དེ། ངས་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་མཐོང་བྱུང་ལ་ཀྲུང་ཧྭའི་རིག་གནས་ཀྱི་བསྟུན་མཁས་དང་ཟབ་ཚད་ཀྱང་མྱོང་ཚོར་བྱུང་། ཡུལ་དངོས་སུ་ལྟ་སྐོར་དང་སྤེལ་རེས་བྱས་པ་དེས་ཧྥེ་ཀྲུང་གི་གཞོན་ནུའི་ཤེས་རྟོགས་ཀྱི་བཀག་རྒྱ་སེལ་བ་དང་ཕྱོགས་གཉིས་དབར་རྒྱུས་མངའ་ཟབ་ཏུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་དབུས་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ནས་ཡོང་བའི་རུའོ་སི་ཕན·པི་ཤི་ཡིས་བརྗོད་ཅིང་། ཁོང་གིས། ཀྲུང་གོའི་གཞོན་ནུ་དེ་བས་མང་བ་ཨ་ཧྥེ་རི་ཁར་བསྐྱོད་དེ“ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བ་དང་མཉམ་ལས་ཀྱི་གོ་སྐབས་འཚོལ་ཞིབ་བྱས་ནས། ཧྥེ་ཀྲུང་དབར་གཉིས་མོས་མཉམ་འབད་ཀྱི་སྤེལ་རེས་འབྲེལ་ཟམ་བསྐྲུན་རྒྱུའི”རེ་སྒུག་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།