དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“ལྟེ་བའི་ཁུལ་གསུམ་གྱིས་ཁྲིད་སྟོན་དང་། ལྟེ་བའི་ཁུལ་དང་གྲོང་ཚོགས་གཞི་གཅིག་ཅན། མཉམ་སྐྲུན་མཉམ་སྲུང”བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྣམ་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-27

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། 《མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་སྲུང་སྐྱོང་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཡོངས་བསྒྲགས་བྱས་ཤིང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དམིགས་ཏེ“ལམ་རིས་དང་ཨར་ལས་ས་བཀྲ”ཁ་གསལ་བཟོས་ཡོད། ཟླ་11ཚེས་18ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཅཱ་ཧུང་ཞང་གིས། མཚོ་སྔོན་གྱིས“ལྟེ་བའི་ཁུལ་གསུམ་གྱིས་ཁྲིད་སྟོན་དང་། ལྟེ་བའི་ཁུལ་དང་གྲོང་ཚོགས་གཞི་གཅིག་ཅན། མཉམ་སྐྲུན་མཉམ་སྲུང”བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དེ་བས་འཐུས་སྒོ་ཚང་དུ་དང་དོ་དམ་སྲུང་སྐྱོང་དེ་བས་ཚད་ལྡན་དུ་གཏོང་གི་ཡིན་ཞེས་བཤད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དེ་ཚོད་ལྟའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་བསྒྱུར་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གསར་པ་གཞི་རྩའི་ཆ་ནས་གྲུབ་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་དམིགས་ཚད་དང་གཙོ་གནད་ལས་འགན་ལ་དམིགས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་གཞི་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་བ། སྤྱི་གླིང་དོ་དམ་ཅུས་དང་ས་གནས་སྲིད་གཞུང་གི་མཐུན་སྦྱོར་མཉམ་བཅོས་ཀྱི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་འཛུགས་པའམ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་འཛུགས་གཏོད་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཏན་ཏིག་བྱེད་པ། མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བརྟན་པོ་གཏོང་བ། རྒྱལ་ཁབ་སྤྱི་གླིང་གི་རིག་གནས་སྐྱེད་སྲིང་བཅས་བྱས་ཏེ། རྣམ་སྲས་གྲོག་རོང་ཆེ་མོ་དང་གཡུ་འབྲུག་ལྷ་རྩེའི་རང་བྱུང་མཛེས་པར་ཉམས་ལེན་དང་རྒྱལ་ཁབ་སྤྱི་གླིང་གི་སྤུས་རྟགས་ལེགས་གཏོང་གི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བར་དམིགས་ནས། རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་དང་ལེགས་གཏོང་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་རིམ་དབྱེ་དོ་དམ་དང་ཁུལ་དབྱེ་དོ་དམ་ཚོད་འཛིན་ནན་དུ་གཏོང་བ། ས་ཁོངས་ཧྲིལ་པོར་ཁྱབ་པའི་དྲ་མིག་ཅན་གྱི་དོ་དམ་སྲུང་སྐྱོང་དང་སྐོར་གཡེང་སྲུང་སྐྱོང་ཁྱབ་གདལ་གཏོང་བ། ས་མཚམས་ཐིག་ལེན་གྱིས་ཐོ་རྟགས་འཛུགས་པ་དང་ལྟ་ཞིབ་ཚད་ལེན་གྱིས་སྐོར་སྲུང་བྱེད་པ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྤྱི་འདོམས་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གིས་གཙོ་ཁྲིད་དང་། ཕྱོགས་མང་པོ་ཞུགས་པ། སྤྱི་ཚོགས་ཀྱིས་མཉམ་སྤྱོད་བཅས་ཀྱི་སྣ་མང་དོ་དམ་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། ཁུ་ཁུ་ཤི་རིའི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དང་། ཁུ་ནུ་རི་བོ། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་སོགས་རྒྱལ་སྤྱིའི་འདམ་ར་གལ་ཆེན་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།

    སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྷན་སྦྱར་ལམ་ལུགས་དུས་ཐོག་ཏུ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཧེ་བག་ཅན་གྱི་འཕེལ་རྒྱས་བསམ་ཕྱོགས་མུ་མཐུད་ལེགས་སུ་གཏོང་བ། གཉན་པོ་གཡུ་རྩེ་དང་ཁམས་ར་སོགས་གཙོ་གནད་ས་ཁོངས་ལ་དམིགས་ཏེ། སྤྲོ་གསེང་འགྲེམས་སྟོན་དང་། ཚན་རིག་ཞིབ་འཇུག་དང་ཁོར་ཡུག་སློབ་གསོ། སྐྱེ་ཁམས་ཉམས་ལེན་སོགས་གཉེར་སྐྱོང་རང་བཞིན་གྱི་ཞབས་འདེགས་འོས་འཚམ་ཞུས་ཡོད། དེ་དང་ཆབས་ཅིག་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། གསའ་དང་། གཙོད། ཕུའུ་ཧྲི་དགོ་བ་སོགས་འཚོ་སྡོད་ཁུལ་གྱི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བ། ཟི་ལིང་གི་རྒྱལ་ཁབ་རྩི་ཤིང་གླིང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་གི་གཞི་རྒྱུའི་ཐོན་ཁུངས་སྒྲིག་བཀོད་ཉར་ཚགས་མཛོད་མཚོ་སྔོན་ཡན་ལག་མཛོད་འཛུགས་སྐྲུན་ལ་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ། “གླིང་ཁུལ་གཅིག་དང་ར་བ་མང་པོའི”རྩི་ཤིང་གནས་སྤོའི་སྲུང་སྐྱོང་མ་ལག་འཛུགས་པ། གསའི་རྒྱལ་ཁབ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་དང་གཙོད་རིགས་ཀྱི་རྒྱལ་ཁབ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཕུའུ་ཧྲི་དགོ་བའི་ཡན་ལག་ལྟེ་གནས་འཛུགས་པར་སྐུལ་འདེད་གཏོང་བ་དང་འབྲེལ། རིམས་ཁུངས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་ས་ཚིགས་ལེགས་སུ་གཏོང་བ་དང་། རིམས་ནད་ཀྱི་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས། རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་གཏོང་བ། སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་མ་ལག་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།