བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ཁུངས་སྣེ་རང་འགུལ་ངང་ཤེས་རྟོགས་བྱེད་ཚད་ལོ་ལྔའི་རིང་ལྡབ་འཕར་བྱུང་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི”བརྗོད་དོན་གཙོ་བོ་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་ནས་ཤེས་རྟོགས་བྱུང་བར། 2021ལོ་ཚུན་དུ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་1265ལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་བྱས་པ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི་2483.7སྤྲད་པ་རེད། རང་འགུལ་རོགས་སྐྱོབ་ཀྱིས་བཟུང་བའི་བསྡུར་ཚད་2021ལོའི་23.5%ནས་ད་ལོའི་51.6%བར་འཕར་ཡོད།
རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་གཙོ་བོ་ཉེས་གསོག་གི་གནོད་འཚེ་ཕོག་པའམ་ཡང་ན་དམངས་དོན་དབང་གནོད་དང་། གཏུག་བཤེར་བརྒྱུད་གུན་གསབ་ནུས་ལྡན་ཐོབ་ཐབས་བྲལ་བ། འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པ་བཅས་ཀྱི་དོ་བདག་ལ་ཕྱོགས་ཀྱི་ཡོད། བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་རོགས་སྐྱོབ་དག་ཁུངས་སྣེ་ཤེས་རྟོགས་དང་། རྩིས་སྤྲོད། སྒྲུབ་གཉེར་བཅས་གྱོད་སྒྲུབ་ཀྱི་ལྷུ་ཚིགས་ཁག་ནང་བཅུག་པ་དང་། 2021ལོ་ཚུན་དུ་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་ཁུངས་སྣེ་ཤེས་རྟོགས་བྱས་པ་དང་འབྲེལ་མི་653ལ་རོགས་སྐྱོབ་བྱས་ཡོད། གོང་རིམ་དང་འོག་རིམ་ཞིབ་དཔྱོད་ཁང་དང་ས་ཁོངས་ལས་བརྒལ་བའི་ཞིབ་དཔྱོད་ཁང་གིས་མཉམ་དུ་མི་374ལ་རོགས་སྐྱོབ་བྱས་པ་དང་ཁྱོན་རོགས་སྐྱོབ་དངུལ་སྒོར་ཁྲི་753.6སྤྲད་པ་རེད།
ཁྲིམས་འཛིན་རོགས་སྐྱོབ་སྨན་བཅོས་དང་། སློབ་ཞུགས། ལས་ཞུགས་སོགས་ཀྱི་རོགས་སྐྱོར་དང་ཡང་འབྲེལ་མཐུད་བྱས་ཡོད། 2025ལོའི་ཟླ་10པར་བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་སྣེ་ཁྲིད་དེ་ལྗོངས་ཐད་གཏོགས་ཚན་པ་12དང་མཉམ་དུ《ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་ལས་དོན་སྦྲེལ་མཐུད་ལམ་སྲོལ》བཙུགས་ནས། ཕྱོགས་བསྡུས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་དོ་བདག་ལ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་བྱེད་པ་དང་ཆབས་ཅིག་དེའི་དངོས་ཡོད་དཀའ་ངལ་ལ་གཞིགས་ཏེ་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་རོགས་སྐྱོབ་གྲོས་འགོ་འདོན་པ་དང་། འབྲེལ་ཡོད་སྡེ་ཚན་ལ་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་རོགས་སྐྱོབ་བྱ་ཐབས་དོན་འཁྱོལ་བྱེད་པར་མངགས་ཡོད། གྱོད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་དབུལ་ལོག་གི་ཉེན་ཁ་འཕྲད་པའི་ཁྱིམ་ཚང་དང་། ཡོང་འབབ་དམའ་བའི་ཁྱིམ་ཚང་། དེ་བཞིན་འཚོ་བར་དཀའ་ངལ་ཡོད་པའི་ན་སོ་དར་ལ་མ་བབས་པའི་མི་དང་དབང་པོ་སྐྱོན་ཅན་སོགས་གཙོ་གནད་རོགས་སྐྱོར་བྱ་ཡུལ་གྱི་གྲས་སུ་བཅུག་ཡོད་པ་རེད།
རོགས་སྐྱོབ་བྱ་ཡུལ་ནས་བལྟས་ན། 2021ལོ་ཚུན་དུ་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་དོན་གྱོད་གཞིའི་གནོད་འཚེ་ཕོག་མཁན་1059ལ་རོགས་སྐྱོབ་བྱས་པ་དེས་རོགས་སྐྱོབ་བྱས་པའི་མི་འབོར་གྱི་83.7%བཟུང་ཡོད། གྲོང་གསེབ་ས་ཁུལ་གྱི་དཀའ་ངལ་ཡོད་པའི་དོ་བདག་དང་། ན་སོ་དར་ལ་མ་བབས་པའི་མི། དཀའ་ངལ་ཡོད་པའི་བུད་མེད། དབང་པོ་སྐྱོན་ཅན་སོགས་གཙོ་གནད་ཚོགས་སྤྱིའི་མི་1095ལ་རོགས་སྐྱོབ་བྱས་པ་དེས་རོགས་སྐྱོབ་མི་འབོར་གྱི་86.6%བཟུང་ཡོད།
གླེང་རིན་ཡོད་པ་ཞིག་ནི་ད་ལོའི་ཟླ་2པར་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་ཡུན་ལོ་གཅིག་གི་དཀའ་ངལ་གྱི་གནས་སུ་གྱར་བའི་བྱིས་པར་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཆེད་དོན་བྱེད་སྒོ་སྤེལ་ནས། ཞིབ་དཔྱོད་གྱོད་སྒྲུབ་ཀྱི་ལྷུ་ཚིགས་དང་། རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་དྭ་ཕྲུག གསོ་མཁན་མེད་པའི་བྱིས་པ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་སོགས་གཙོ་གནད་རོགས་སྐྱོབ་ཁྱབ་ཁོངས་ལ་བཅུག་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།