དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལུང་གཞུང་གྲམ་ཐང་ཡངས་པོ་ནས། ཤིང་འབྲས་སྔོ་ཚལ་དྲི་ཞིམ་འཐུལ།

    —— པེ་ཅིང་བོད་སྐྱོར་གྱིས་ལོ་10ཡི་རིང་ས་མཐོའི་སྒྲིག་བཀོད་ཞིང་ལས་ལ་རྒྱུན་མཐུད་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-27

    པེ་ཅིང་བོད་སྐྱོར་ཚོགས་པས་སྙེ་མོ་རྫོང་གི་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆར་དམིགས་ནས་དེང་རབས་ཞིང་ལས་ལག་རྩལ་དང་བྱང་ཆུབ་པའི་ཐོན་ལས་ཀྱི་བསམ་ཕྱོགས་ས་མཐོར་ཁྱབ་གདལ་བཏང་སྟེ་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་དེང་རབས་ཅན་གྱི“ཤིང་འབྲས་དང་སྔོ་ཚལ་བཟོ་གྲྭ”ཞིག་བསྐྲུན་ཡོད། རྡོ་ཧྲུག་གིས་ཁེངས་པའི་གྲམ་ཐང་ནས་དུས་བཞིར་ཐོན་འབབ་བཟང་བའི་ཞིང་ཁའི་བར་དང་། ཐར་ཐོར་འདེབས་འཛུགས་ནས་ཚད་ལྡན་ཚོགས་འདེབས་བར། སྡོང་ཕྲུག་གཅིག་ནས་ཡུག་སྦྲེལ་གཅིག་བར་བཅས་ལོ་10ཡི་རིང་སྤྱི་ལེ་3000ལས་བརྒལ་བའི་བོད་སྐྱོར་ལས་དོན་ལུང་གཞུང་དེར་རྒྱུན་མཐུད་སྤེལ་བཞིན་ཡོད།

    2016ལོར་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་དངོས་སུ་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་ལ་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་5.5བཏང་བའི་ནང་བོད་སྐྱོར་མ་དངུལ་ནས་སྒོར་དུང་ཕྱུར་2.43བཏང་བ་དེས་44.2%བཟུང་ཡོད། མུའུ་2259ཡི་གྲམ་ཐང་དུ་ས་རྒྱུ་ལེགས་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་རིག་ནུས་ཅན་གྱི་ནུས་མང་དྲོད་ཁང་165སྔ་རྗེས་སུ་བསྐྲུན་ཡོད།

    འཕོ་འགྱུར་ཆེན་པོ་དེ་དག་ནི་སྤྱི་ལེ་3000ལས་བརྒལ་བའི་བོད་སྐྱོར་གྱི་ལས་དོན་ཞིག་རྒྱུན་མཐུད་སྤེལ་བ་ལས་བྱུང་བ་ཞིག་རེད། བོད་སྐྱོར་ལས་བྱེད་པ་དང་ལག་རྩལ་ཤེས་ལྡན་པ་ཁག་དང་ཁག་བྱས་ནས་སྙེ་མོར་གཞི་ཚུགས་ཏེ་ཞིང་ལས་ལག་རྩལ་དང་སྤུས་ལེགས་ཐོན་ཁུངས་ས་མཐོར་མུ་མཐུད་ནང་འདྲེན་བྱས་ཏེ་གྲམ་ཐང་དུ་དྲོད་ཁང་ཆེ་མོ་བསྐྲུན་པས་ཚོད་འདེབས་ནས་ཐོན་འབབ་འཕར་ནས་ས་མཐོའི་སྒྲིག་བཀོད་ཞིང་ལས་ཀྱི་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། གཉེར་སྐྱོང་བྱས་ཚུན་གླིང་ཁུལ་གྱིས་རིམ་རྩིས་བརྒྱབ་ན་ས་མཐོའི་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་ཏུན་2615ཐོན་སྐྱེད་བྱས་པ་དང་། བྲིན་ཚོང་ཡོང་འབབ་སྒོར་ཁྲི་4282ཟིན་པ། མང་ཚོགས་དུད་ཚང(ཐེངས)959ལ་སྐུལ་ཁྲིད་བྱས་པ། རིམ་རྩིས་བརྒྱབ་ན་འབབ་འཕར་སྒོར་ཁྲི་2290བྱུང་ཡོད་པ་རེད།

    ལོ་མང་རིང་པེ་ཅིང་གི་བོད་སྐྱོར་ལག་རྩལ་ཤེས་ལྡན་པ་གནས་དེར་ཡུན་རིང་བསྡད་པ་དང་འཐབ་ས་དང་པོར་གཞི་ཚུགས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་དྲོད་ཁང་ཆེ་མོའི་ཤིང་འབྲས་དང་ཚལ་རིགས་ལ་ལག་རྩལ་མཛུབ་ཁྲིད་དང་། སྣ་ཁ་མང་དུ་གཏོང་བ། འདེབས་འཛུགས་གསོ་སྦྱོང་བཅས་བྱས་ནས་ས་གནས་དེ་གའི་ཞིང་ལས་ལག་རྩལ་གྱི་ཞན་ཆ་དངོས་སུ་སེལ་རོགས་བྱས་ཏེ་ས་མཐོའི་སྒྲིག་བཀོད་ཞིང་ལས་ཚན་རིག་ཅན་དང་། ཚད་ལྡན་ཅན། སྤུས་དག་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    ཐོན་ལས་བོད་སྐྱོར་གཞན་ལ་བརྟེན་དགོས་ལ་རང་ཉིད་ལ་དེ་བས་བརྟེན་དགོས། ལག་རྩལ་གྱི་འགག་རྩ་མི་ལ་ཐུག་ཡོད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ས་ཡུལ་དངོས་སུ་སློབ་ཁྲིད་བྱས་ཏེ་དངོས་སྦྱོང་སློབ་ཁྲིད་དང་། འདེབས་འཛུགས་གསོ་སྦྱོང་། གཅིག་གཏད་གཅིག་གི་ལག་རྩལ་བརྒྱུད་སྤྲོད། དགེ་ཕྲུག་ཁྲིད་པ་བཅས་བྱས་པ་དང་། ལག་རྩལ་ཤེས་པ་དང་བཀོལ་སྤྱོད་ཤེས་པའི་ས་གནས་དེ་གའི་གཞོན་ནུའི་ལག་རྩལ་རྐང་འཛིན་པ་ཁག་གཅིག་མགྱོགས་མྱུར་འཚར་ལོངས་བྱུང་ནས་གླིང་ཁུལ་གྱི་ཡུན་རིང་འཕེལ་རྒྱས་ཆེད་ཤེས་ལྡན་པའི་སྟོབས་ཤུགས་གཅིག་སྡུད་བྱས་ཡོད་པ་རེད།

    ད་ཆ་གླིང་ཁུལ་གྱི་དྲོད་ཁང་71ས་གནས་དེ་གའི་ལག་རྩལ་བྱང་ཆུབ་པའི་ཡུལ་མིས་འདེབས་འཛུགས་འགན་གཙང་བླངས་ཡོད། མང་ཚོགས་ཀྱིས“ཇི་ལྟར་བྱས་ནས་འདེབས་དགོས་ལུགས”ཤེས་པ་དང་གླིང་ཁུལ་གྱིས“གང་ཞིག་བཏབ་ན་དེ་བས་ལེགས་པའི”ཐད་བསམ་བློ་གཏོང་འགོ་ཚུགས་ཡོད།

    “སྐྱེ་ཐུབ་པ”ནས“སྐྱེ་འཚར་ཡག་པོ་ཡོང་བའི”བར་དང་དེ་ནས“སྣ་ཁ་འཛོམས་པོ་སྐྱེ་བའི”བར་གླིང་ཁུལ་གྱིས་གང་ཞིག་བཏབ་ན་ཡག་པ་ཡོད་པའི་སྐོར་ལ་བསམ་གཞིག་མང་པོ་བྱས་ཡོད།

    2019ལོར་ཤིང་འབྲས་ཐོག་མ་བཏགས་པ་ནས་བརྩིས་ན། སྙེ་མོའི་ཤིང་འབྲས་ཁྲེ་ལི་ཙེ་ས་མཐོའི་ཤིང་འབྲས་ཡག་ཤོས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། བོད་སྐྱོར་ཚོགས་པས་བོད་སྐྱོར་མ་དངུལ་སྒོར་ཁྲི་1078བཏང་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ནང་འདྲེན་ལེགས་བཅོས་རྣམ་གྲངས་ལག་བསྟར་བྱས་པ་དང་། སེའུ་སྡོང་མཐུག་འདེབས་ཐུང་གྲས་14180ནང་འདྲེན་བྱས་པར་ན་ནིང་དང་ད་ལོར་ཐོན་འབབ་རྒྱ་མ་ཁྲི་3.2ཟིན་པ་དང་གླིང་ཁུལ་ལ་འབབ་འཕར་སྒོར་ཁྲི་144དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་86.5ཡོང་བར་སྐུལ་ཁྲིད་བྱས་ཡོད།

    2024ལོར་སྒྱུར་བཀོད་བྱས་པའི་སྔོ་ཚལ་དྲོད་ཁང་ཞིག་གི་ནང་འབྲི་ཏ་ས་འཛིན་སྡོང་རྐང་7000བཏབ་པ་དང་གླིང་ཁུལ་དུ་འབྲི་ཏ་ས་འཛིན་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་འགོ་ཚུགས། ལོ་གཉིས་པར་སྡོང་ཕྲུག་ཁྲི་7དྲོད་ཁང་ཆེ་པོ་10ཡི་ནང་དུ་འདེབས་འགོ་ཚུགས་ནས་དུད་ཚང་10ཡི་མང་ཚོགས་ལ་ཆ་སྙོམས་འབབ་འཕར་སྒོར་ཁྲི་3ཡོང་བར་སྐུལ་ཁྲིད་བྱས་ཡོད། འདི་ལོ་སྡོང་ཕྲུག་གསར་པ་ཁྲི་9སླར་ཡང་ཚད་ལྡན་ཅན་གྱི་དྲོད་ཁང་ཆེ་མོ་15ཡི་ནང་བཏབ་པས་སྔོན་དཔག་བྱས་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་45ཡོང་རྒྱུ་རེད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་རྩ་སྤོས་རྒྱག་པ་དང་། གཡོག་བྱེད། སྐྱེ་འཚར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་བྱས་ཡོད།

    ཤིང་འབྲས་ཡག་པོར་ཚོང་ལམ་ཡག་པོ་དེ་བས་དགོས། “སྙེ་མོའི་ཅ་དངོས་ལེགས་པོ”ཞིང་སྐྱོར་ཐད་གཏོང་ལས་སྟེགས་དང་དེ་བཞིན་ས་གཙང་ཀུང་སིའི་སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས་གླིང་ཁུལ་གྱི་དྲ་ཐོག་བྲིན་ཚོང་ཐབས་ལམ་ཤར་གཏོང་ཐུབ་ཡོད། འགྱིག་ཤོག་དྲོད་ཁང་ནང་གི་སྣ་ཁ་ཇི་ཙམ་ཚོད་འདེབས་བྱས་པ་དེ་ཙམ་གྱིས་ལེགས་སུ་ཕྱིན་པ་དང་། ཚོང་ལམ་ཡང་དེ་ཙམ་གྱིས་ཇེ་ཡངས་སུ་འགྲོ་བཞིན་ཡོད།

    ལུང་གཞུང་གི་འགྱིག་ཤོག་དྲོང་ཁང་ད་དུང་མང་དུ་འགྲོ་བཞིན་ཡོད་པ་དང་། འཁྲི་ཤིང་ཐོག་གི་འབྲས་བུ་ད་དུང་གསར་པ་འདོགས་བཞིན་ཡོད་པ། མང་ཚོགས་ཀྱི་ཡོང་འབབ་ཀྱང་དེ་བསྟུན་གྱིས་མང་དུ་འགྲོ་བཞིན་ཡོད་པ་བཅས་ཀྱི་ལེ་དབར་སྟོང་ལས་བརྒལ་བའི་བོད་སྐྱོར་ལས་དོན་མུ་མཐུད་སྤེལ་དང་སྤེལ་མུས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།