དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་འཕེལ་ཕྱོགས་སུ་འགྱུར་བར་བྱེད་པ།

    —— བོད་ཀྱིས་ས་མཐོའི་ཁྱད་ལྡན་དཔལ་འབྱོར་སྟོབས་ཆེར་དང་ལེཌ་སུ་ཧུར་ཐག་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-27

    2021ལོར། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2080.17ཟིན་ནས་སྒོར་དུང་ཕྱུར་2000གི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད།

    2025ལོར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3031.89བར་འཕར་ནས་སྒོར་དུང་ཕྱུར་3000གི་སྐས་རིམ་གསར་པར་བརྟན་པོའི་ངང་སླེབས་པ་རེད།

    དུས་ཐུང་ལོ་ལྔའི་ནང་། བོད་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་བྱས་པ་གཉིས་ཀྱི་རིམ་པ་ལས་མཆོངས་སྐྱོད་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཤོག་ཟུང་བསྒར་ཡོད།

    2026ལོར་སླེབས་སྐབས། གོང་འཕེལ་གྱི་རྣམ་པ་རྒྱུན་མཐུད་བརྟན་དུ་སོང་ཞིང་། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2318.55ཟིན་པ་དེ་དུས་མཚུངས་ལས་6.2%འཕར་ནས་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    རྒྱུན་མཐུད་བརྟན་པོར་འཕར་བའི་འབྱུང་རྩ་དེ་ཁ་ཕྱོགས་ཀྱི་མཛུབ་ཁྲིད་ལ་ཐུག་ཡོད། རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཐམས་ཅད་དོན་དངོས་ལ་གཞིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། སྔོ་ཞིང་དྭངས་བའི་རི་ཆུ་དང་ཁྱད་ལྡན་ཐོན་ཁུངས་དེ་ཉིད་དམངས་ཕྱུག་བོད་དར་ཐོན་ལས་ཀྱི་རྒྱབ་རྟེན་ལ་དངོས་སུ་འགྱུར་བར་བྱས་ཡོད།

    ལེགས་ཆར་གཞི་ཚུགས་ཏེ་ས་མཐོའི་ཞིང་འབྲོག་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་བྱས་པ།

    སྟོན་མཇུག་གི་གཞིས་རྩེར་བརྔ་བསྡུའི་འཕྲུལ་འཁོར་གྱི་ལྡིར་སྒྲ་བར་མེད་དུ་གྲགས་ཤིང་། པ་སྣམ་རྫོང་དཔའ་རྩལ་ཤང་གི་ཞིང་ཁར་མི་མེད་གནམ་གྲུས་འཁྱུག་ཙམ་ཞིག་ལ་ནས་ཞིང་མུའུ་150ཡི་སར་རྩྭ་ངན་འགོག་པའི་སྨན་གཏོར་བ་རེད།

    གྲངས་གཞི་ལས་མངོན་པར། ཟླ་10པའི་ཟླ་སྟོད་བར། ལྗོངས་ཡོངས་སུ་འབྲུ་རིགས་བཅུ་ཆ་དགུ་ལྷག་ཙམ་བསྡུས་ཟིན་པ་དང་ནས་མུའུ་ཁྲི་225.36བརྔ་བསྡུ་ཟིན་ནས་ལོ་ཧྲིལ་པོར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་110ཡན་ཟིན་རེ་ཡོད་པ་རེད།

    འབྲུ་རིགས་ཐོན་འབབ་བརྟན་པོ་བྱུང་བ་ཁོ་ནས་འགྲིག་ཐབས་མེད་པར་ད་དུང་འབྲུ་རིགས་ལས་ཡོང་འབབ་གཏོད་ཐུབ་པ་བྱེད་དགོས། དེའི་འགག་རྩ་ནི་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་པའི་ཐོན་ལས་འཁོར་འབྲེལ་ལས་འཕར་བའི་ཟུར་སྣོན་རིན་ཐང་ལ་ཐུག་ཡོད། ན་ནིང་ལྗོངས་ཡོངས་ཀྱི་ནས་ཀྱི་ཐོན་འབབ་ཏུན་ཁྲི་90ལས་ཐོག་མར་བརྒལ་བ་དང་ལས་སྣོན་ཐོན་རྫས་སྣ་ཁ་80ལྷག་ཙམ་ཟིན་ནས་ལོའི་ལས་སྣོན་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་12ལས་བརྒལ་ཡོད། ད་ལོ་ནག་ཆུ་གྲོང་ཁྱེར་དུ་གཉེར་བའི་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོར་རྣམ་གྲངས་10ལ་ཚོད་རྩིས་བརྒྱབ་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.73བཏང་ཡོད་པ་རེད།

    འབྲུ་རིགས་བདེ་འཇགས་བྱུང་ན་ལས་དར་དམངས་ཕྱུག་ཡོང་ཐུབ། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་217.42ཟིན་པ་དེ་དུས་མཚུངས་ལས་7.9%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་15705ཟིན་པ་དེ་དུས་མཚུངས་ལས་8.0%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    ལྗང་མདོག་འཕེལ་རྒྱས་བཏང་ནས་ནུས་རྒྱུ་གཙང་མའི་སྒུལ་ནུས་འཕེལ་བར་བྱས་པ།

    འོད་འཕྲོ་ཡུན་རིང་བ་དང་། ཆུ་འབེལ་བ། རླུང་ཤུགས་ཆེ་བ་བཅས་ནི་རང་ལྗོངས་ཀྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་རང་བྱུང་གི་ལེགས་ཆ་རེད། དེ་སྔ་དུས་ཡུན་རིང་པོ་ཞིག་ནང་གློག་དྲ་ཉམས་ཞན་དང་ཕྱིར་གཏོང་མི་ཐུབ་པ་སོགས་ཀྱི་ཚོད་འཛིན་ཕོག་ནས་ཆུ་ནུས་དང་ཉི་ནུས་འབེལ་པོ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་ཐུབ་མེད། ད་ཆ་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ནུས་རྒྱུ་གཙང་མ་དེ་ཉིད་ཀ་རྟེན་ཐོན་ལས་སུ་བརྩིས་ནས་གཙོ་གནད་ཐོག་སྐྱེད་སྲིང་བྱས་པ་དང་། གློག་དྲ་དང་གློག་ཕྱིར་གཏོང་བགྲོད་ལམ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་སྟེ་ལྗང་མདོག་ཐོན་ཁུངས་ཀྱི་ལེགས་ཆ་གང་མགྱོགས་འདོན་ཐུབ་པ་བྱས་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་སུ་གཞི་ཁྱོན་ཡན་གྱི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་153.7ཟིན་པ་དེ་དུས་མཚུངས་ལས་29.1%འཕར་བ་དང་། ཆུ་གློག་དང་ཉི་གློག་གཏོང་ཚད་བསྡོམས་འབོར་གྱིས་94.6%བཟུང་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མའི་འཕར་ཚད་20.9%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    སྐྱེ་ཁམས་ནི་བོད་ཀྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། གཏིང་ཤུགས་ཆེ་ཤོས་བཅས་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་མཇུག་ཏུ་ལྗོངས་ཡོངས་སུ་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་6000ཡས་མས་ཟིན་པ་བྱ་རྒྱུ་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་བོད་ཀྱི་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་མུ་མཐུད་འགྱུར་བཞིན་ཡོད།

    ཕྱི་ནང་འབྲེལ་མཐུད་ཀྱིས་སྒོ་དབྱེའི་ས་མཐོའི་གསོན་ཤུགས་འཕེལ་བར་བྱས་པ།

    ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱལ་ནང་གི་ཁྲོམ་རར་གཞི་ཚུགས་པ་དང་། ས་བབ་ཀྱི་ལེགས་ཆ་འདོན་པ། རང་ངོས་ཀྱི་གཏིང་ཤུགས་སྔོག་འདོན་བཅས་བྱེད་དགོས་ལ། ད་དུང་ཕྱི་ཕྱོགས་ཀྱི་བར་མཐོངས་ཀྱང་རྒྱ་ཆེར་གཏོང་དགོས། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་བགྲོད་ལམ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སྟེགས་ལེགས་སུ་གཏོང་བ། ཚོང་དོན་སྟབས་བདེ་རུ་གཏོང་བ་བཅས་བྱས་ནས། ས་མཐོའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་བོད་ནས་ཁྲོམ་ར་དེ་བས་ཆེ་བར་ཚོང་ཐུབ་པ་བྱས་ཡོད།

    ད་ལོ་ཤར་ཚུན་ཀྲུང་གོ་ཕྱོགས་ཀྱི་འཁོར་རིགས་དོས་སྒམ་རྒྱལ་མཚམས་སྒྲོལ་ནས་ནེ་པ་ལར་ཐོག་མར་བཏང་བ་དང་སྐམ་མཚོའི་བགྲོད་ལམ་གསར་པའི་བོད་ལྗོངས་དུམ་བུའི་ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐོག་མ་དེ་ཚོད་ལྟ་བྱས་ནས་བཏང་བ་རེད། ཟླ་དང་པོ་ནས་བཅུ་པའི་བར་ཨེ་ཤེ་ཡ་ལྷོ་མར་དུས་གཏན་མེ་འཁོར་ཐེངས་9བཏང་བར་དངོས་ཟོག་གི་ལྗིད་ཚད་ཏུན་622ཟིན་པ་དང་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་0.29ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་པོ་དང་། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ། མཁའ་འགྲུལ་འགག་སྒོའི་རྒྱལ་སྤྱིའི་ཟོག་འགྲེམས་ས་ཚིགས་བཅས་སྤྱོད་འགོ་ཚུགས་པ་དང“གཞུང་ལམ་དང་། ལྕགས་ལམ། མཁའ་ལམ། སྦྲག་བསྐུར”བཅས་སྣ་མང་སྐྱེལ་འདྲེན་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    “བོད་ཀྱི་དངོས་ཟོག་ཡག་པོ”དེ་བས་མང་བ་ས་མཐོ་ནས་ཕྱིར་གཏོང་བྱས་པ་ལས་མངགས་ཐོ་མང་བ་ཁོ་ན་ཙམ་མིན་པར་ཁེ་ལས་ཀྱིས་སྤུས་ཚད་མཐོ་རུ་གཏོང་བ་དང་སྤུས་རྟགས་འཛུགས་པར་ཤུགས་སྣོན་རྒྱག་པར་ཡང་སྐུལ་འདེད་ཐེབས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་406.98ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་བསྡུར་ན་78.5%འཕར་བ་དང་། ཀྲུང་གོའི་བོད་ལྗོངས་ཀྱི་ཚོང་དོན་རོགས་ཟླ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་184ལ་ཁྱབ་ཡོད།

    ཐོན་རྫས་ཕྱིར་གཏོང་ནས་ཐོན་ལས་རིམ་སྤོར་བར། སྒོ་དབྱེ་ལས་བོད་ཀྱི་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བཞིན་ཡོད།

    འཐུས་སྒོ་ཚང་བའི་སྲིད་ཇུས་ཀྱི་མ་ལག་ཁྲིད་སྟོན་དུ་བྱས་ཏེ་ལྗོངས་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ནང་ལྗང་མདོག་འདུས་ཚད་དང་། རིན་ཐང་འདུས་ཚད། དཔེ་གསར་འདུས་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ཐོན་ལས་རིམ་སྤོར་གྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་མ་དེ་བས་བརྟན་པོ་དང་ནུས་ལྡན་ཞིག་སྤོ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།