དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཆོངས་ནས་སྙོབ་པའི་སྙིང་སྟོབས་བཅངས། བཀའ་དྲིན་ཚོར་བཞིན་བྱ་གཞག་གཏོད།

    —— བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོག་ཉེའི་མཚམས་སུ་བྲིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-27

    ལོ་ལྔ་ཡི་དུས་ཚོད་ནང་དགོངས་པའི་སྟོབས་ཤུགས་དེ་བས་གཏིང་ཟབ་ཚོར།

    2021ལོའི་ཟླ་7པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་ཕེབས། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད།

    2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་བོད་དུ་ཕེབས་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེ་ཡང་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ཐེངས་དང་པོ་རེད།

    བོད་དུ་ཐེངས་གཉིས་ཕེབས་པ་དང“ཐེངས་དང་པོ”གཉིས་ནི་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་བ་ཞིག་རེད་ལ། དར་ཆ་བསྒྲེངས་ནས་ཕྱོགས་སྟོན་གནང་བ་ཞིག་དེ་བས་རེད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ལོ་5ཡི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་ཡོད།

    བརྩེ་བ། ལམ་སྟོན།

    ཟླ་བ་རྒྱལ་མཚན་གྱི་སྒོ་རའི་ནང་སླར་ཡང་མི་ཚོགས་ཀྱིས་ཁེངས།

    ཀོང་པོའི་ལོ་གསར་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་བསྐྱོད། སྒྲོག་འགྲེལ་མཇུག་འགྲིལ་རྗེས། ཟླ་བ་རྒྱལ་མཚན་གྱིས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རང་ཁྱིམ་གྱི་སྒོ་རའི་ནང་གདན་དྲངས།

    སྒོ་ར་འདིའི་ནང་ལོ་ལྔ་ཡི་གོང་དུའང་མི་ཚོགས་ཀྱིས་ཁེངས་ནས་ཡོད།

    ཟླ་བ་རྒྱལ་མཚན་གྱིས་བདེ་སྐྱིད་ལྡན་པའི་ཉིན་མོ་དེ་དུས་ད་ལྟའང་གསལ་ལྷང་ངེར་ངེས་བཞིན་ཡོད། 2021ལོའི་ཟླ་7ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདི་གར་ཕེབས་ནས་ཁོང་དང་ཅི་འཕྲོས་མོལ་འཕྲོས་གནང་། “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ཁྱིམ་ནི‘ཧ་ཅང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང’ཞིག་དང་། ང་ཚོའི་གྲོང་ཚོ་ནི‘ཁམ་བུའི་མེ་ཏོག་གྲོང་ཚོ’དང‘མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་ས’ཞིག་རེད་ཅེས་བསྔགས་བརྗོད་གནང་བྱུང”ཞེས་ཟླ་བ་རྒྱལ་མཚན་གྱིས་བཤད།

    2025ལོའི་ཟླ་6པར། ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་གྲོང་ཚོའི་འགྱུར་ལྡོག་གསར་པ་སྙན་སེང་ཞུས།

    ཟླ་6ཚེས་27ཉིན་འཕྲིན་ལན་འབྱོར། འཕྲིན་ལན་ནང“འཕྲིན་ཡིག་ལ་བལྟས་རྗེས་ལོ་4ཡི་གོང་ཀ་ལ་གྲོང་ཚོར་བསྐྱོད་པའི་སྐོར་ཡིད་ལ་དྲན་བྱུང་། མཛེས་ལ་གཙང་སྦྲ་དོད་པའི་གྲོང་ཚོ་དང་སེམས་རྩ་འཁོལ་ལ་བབ་ཆགས་པའི་ཡུལ་མི་ཚོས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ལོ་འདི་དག་རིང་གྲོང་ཚོར་སླར་ཡང་འགྱུར་ལྡོག་གསར་པ་བྱུང་བ་དང་ཡུལ་མི་རྣམས་ཀྱི་ཡོང་འབབ་མང་དུ་སོང་བ་ཤེས་སྐབས། ང་ཧ་ཅང་དགའ་པོ་བྱུང”ཞེས་གསུངས་ཡོད།

    འགྱུར་ལྡོག་ནི་འཕྲིན་ཡིག་ནང་འཁོད་ཡོད་ལ། རྩིས་ཁྲའི་སྟེང་དུའང་འཁོད་ཡོད། 2024ལོར་ཀ་ལ་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1402ཟིན་པ་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.12ཟིན་ཡོད། 2025ལོར་གྲངས་ཀ་དེ་གཉིས་སྒོར་ཁྲི་1542དང་སྒོར་ཁྲི་4.43བར་འཕེལ་ཡོད། ན་ནིང་ཀ་ལའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་11.8ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་355བྱུང་ཡོད།

    ཁམ་བུའི་མེ་ཏོག་གྲོང་ཚོར་བྱ་བཟང་གསར་པ་མང་པོ་ཐོན་པ་ནི་འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་བདམས་པ་ལས་བྱུང་བ་ཡིན།

    2013ལོའི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་པའི”འཐབ་ཇུས་བསམ་བློ་ནས། 2015ལོའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གི“ངེས་པར་དུ་བྱེད་དགོས་པ་དྲུག”དང་། དེ་ནས་2020ལོའི“ངེས་པར་དུ་བྱེད་དགོས་པ་བཅུའི”བར། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་འཛིན་དང་བླ་སྲོག་ཏུ་གྱུར་ཡོད།

    2025ལོའི་ཟླ་དང་པོར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། 2026ལོའི་ཟླ་8པར་སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པ། ཟླ་10པར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ཡོད། རང་བྱུང་གནོད་འཚེ་གསུམ་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ཐེངས་གསུམ་གནང་ནས་འཚོལ་སྐྱོབ་དང་། བཀོད་སྒྲིག སྐྱོབ་བཅོས་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཧུར་ཐག་བྱེད་དགོས་ཞེས་གསུངས་ཡོད། གནས་ཚུལ་མི་འདྲ་ཡང་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་རིན་ཐང་དོན་གཉེར་བྱེད་པར་ཐོག་མཐའ་བར་གསུམ་དུ་འགྱུར་བ་ཕྱིན་མེད།

    བོད་འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེ་ནི་སྟོབས་འབྱོར་མངའ་ཐང་རྒྱས་པའི་མེས་རྒྱལ་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད།

    ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་སྲིད་ཇུས་རེད། ཁ་གཏད་རོགས་སྐྱོར་བྱས་ཚུན། རིམ་རྩིས་བརྒྱབ་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་643བཏང་ཞིང་། ཞིང་ཆེན་དང་གྲོང་ཁྱེར་17དང་། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས། ཀྲུང་དབྱང་དངུལ་རྩའི་སྒྲིག་གཞི་བཅས་ཀྱིས་བོད་ཀྱི་རྫོང་དང་། གྲོང་ཁྱེར། ཆུས་བཅས་74ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། ཁག་ཐེངས་11གི་ལས་བྱེད་པ་དང་ཤེས་ལྡན་པ་ཁྲི་1.4ལྷག་ཙམ་གྱིས་ནུས་ཤུགས་རྒྱུན་མཐུད་བཏོན་ཡོད།

    གྲངས་འབོར་ལས་རྩ་ཆེ་བ་ནི་གྲུབ་ཆར་འགྱུར་ལྡོག་བྱུང་བ་དེ་ཡིན་ཞིང་། མ་དངུལ་སྤྲོད་པ་དང་རྣམ་གྲངས་བསྐྲུན་པ་ནས་ཐོན་ལས་སྐྱེད་སྲིང་དང་། ལག་རྩལ་གྱི་རྒྱབ་སྐྱོར། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་བསྒྱུར་ཏེ། ཕྱི་ཕྱོགས་ཀྱི་རོགས་སྐྱོར་དེ་བོད་ཀྱི་ས་གནས་ཁག་གིས་དང་ལེན་ཐུབ་པ་དང་སྤྱོད་ཐུབ་པའི་འཕེལ་རྒྱས་ཀྱི་ནུས་པར་དངོས་འབྲེལ་འགྱུར་བར་བྱས་ཡོད།

    དངོས་སྒྲུབ། འགན་འཁུར།

    དགུན་ཁར་མངའ་རིས་ས་ཁུལ་བདེ་མཆོག་གྲོང་ཚོར་ནམ་ཅུང་ལངས་ཕྱི་ཙམ་ཡོད།

    བུ་ཆུང་ཚེ་རིང་དང་རུ་གྲོགས་ཚོས་གྲང་རླུང་ཁྲོད་དུ་མཐའ་མཚམས་སྐོར་སྲུང་བྱེད་པར་བསྐྱོད་ཅིང་། ཕར་ལྟ་སྐབས་ཁྱིམ་ཚང་ཚང་མའི་སྒོ་ཁའི་ཤམ་བུ་དག་རླུང་བུའི་ཁྲོད་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དང་། དྲོ་སོབ་སོབ་ཀྱི་ཁང་པ་ནས་དཔེ་ཀློག་གི་སྒྲ་དང་གཏམ་གླེང་གི་སྒྲ་ལྷང་ལྷང་གྲགས་འོང་། རྐང་འོག་གི་ས་དོག་མོ་འདི་བརྟན་ལྷིང་དང་འཚོ་བ་བདེ་སྐྱིད་ལྡན་པས། བུ་ཆུང་ཚེ་རིང་གི“མཐའ་སྲུང་སྐོར་གཡེང་ཡག་པོ་བྱས་ཏེ་མི་ཚེ་སྐྱིད་པོ་ཞིག་སྐྱེལ་རྒྱུའི”ཆོད་སེམས་དེ་བས་བརྟན་དུ་སོང་ཡོད།

    བདེ་མཆོག་གྲོང་ཚོ་ནི་ས་མཐོའི་འཕོ་འགྱུར་མཚོན་པའི་སྐར་ཁུང་ལྟ་བུ་ཞིག་ཡིན་ལ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་དེ་བས་ཀྱང་རེད།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་བྱེ་བྲག་གི་ལས་འགན་ལ་གཏན་འཁེལ་བྱས་པ་དང་། དེ་ནས་དུས་ཚོད་དང་ལག་བསྟར་འཆར་གཞིར་བསྒྱུར་ནས། མཐར་གངས་ལྗོངས་ས་མཐོའི་ཕྱོགས་མཚམས་ཀུན་ནས་མཐོང་ཐུབ་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཏུ་གྱུར་ཡོད།

    —— འདི་གར་མཐུན་སྒྲིལ་གྱི་མཛེས་རིས་ཡོད།

    ད་ཆ་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་དང་གྲོང་ཁྱེར་ལ་འཛུགས་གཏོད་བྱས་པ་དང་། རྫོང(ཆུས་དང་གྲོང་ཁྱེར)38རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པར་འཛུགས་གཏོད་བྱས་ཟིན་པ་དེས་བསྡུར་གྲངས་ཀྱི་51%ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་གཙོ་རྐང་དུ་བརྩིས་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། གངས་ལྗོངས་ས་མཐོར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་50ཡི་ལས་བྱེད་པ་དང་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་རིག་པ་གཅིག་ལ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་བཏོན་ཏེ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ཡོད།

    —— འདི་གར་འཕེལ་རྒྱས་ཀྱི་འཕར་རྩ་ཡོད།

    2025ལོར་བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000ཟིན་པ་དང་ལོ་ལྔའི་རིང་སྒོར་དུང་ཕྱུར་སྟོང་2ཀྱི་སྐས་རིམ་ལས་བརྒལ་ཡོད། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་རེར་ཆ་སྙོམས་11.4%འཕར་ནས་ལོ་13རིང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཡར་རྒྱས་ནི་སྒུག་བསྡད་ནས་བྱུང་བ་ཞིག་མིན་པར་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་ལས་སྒྲུབ་དང་འབད་འབུངས་བྱས་ཏེ་བྱུང་བ་ཞིག་ཡིན།

    —— འདི་གར་སྐྱེ་ཁམས་ཀྱི་རྒྱུགས་ལན་ཡོད།

    2025ལོའི་ཟླ་3པར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་གིས་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་ཆུང་སྒོ་དབྱེའི་བྱེད་སྒོར་ཞུགས་རིང་། ཀྲུང་ཕྱིའི་སྨྱན་སྦྱོར་ལ་གྲངས་གཞི་འདི་འདྲ་ཞིག་དཔེ་དྲངས་པ་སྟེ། 2020ལོ་དང་བསྡུར་ན་ད་ཆ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ས་ཁོངས་ཀྱི་ཆུ་རྩ་གསོ་ནུས་40.2%དང་། སྔོ་ཁེབས་ཀྱི་གསོ་རླུང་ཐོན་ནུས་8.7% བལྟོས་བཅས་ཀྱི་བཞའ་ཚན་0.5%བཅས་འཕར་ཡོད།

    ནགས་བཟོ་མུའུ་ཁྲི་150ལྷག་ཙམ་བྱས་པ་དང་། སྡོང་ཕྲུག་རྐང་དུང་ཕྱུར་1.5ལྷག་ཙམ་བཙུགས་པ། “ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་དུ་བསྒྱུར་རྒྱུ”དུས་བཀག་ལྟར་མངོན་འགྱུར་བྱུང་ཞིང་། ད་ཆ་བོད་དུ་ལྗང་མདོག་སྐྱེ་ཁམས་སྲུང་བཅད་རིམ་བཞིན་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད།

    —— འདི་གར་མཐའ་མཚམས་ཀྱི་ངར་སྒྲ་དྲག་པོ་ཡོད།

    སྔོན་ཆད“མི་གསུམ་ཤང”དུ་གྲགས་པའི་ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་དུ་ད་ཆ་དུད་ཚང་67དང་མི་300ཙམ་ཡོད་པ་དང་། སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ། གློག་དྲ་བརྟན་པོ་ཡོད་ལ། སློབ་གྲྭ་དང་འཕྲོད་བསྟེན་ཁང་ཡང་བཙུགས་ཡོད། མངའ་རིས་ས་ཁུལ་བདེ་མཆོག་གྲོང་ཚོར་ཡང་ནོར་ལུག་དུས་ཐུང་རྒྱགས་གསོ་དང་། སྐྱེལ་འདྲེན་མཉམ་ལས་ཁང་། དྲོད་ཁང་ཆེན་མོ་བཅས་བཙུགས་ཡོད་པས་གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་ཁེ་གཙང་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད།

    མཐའ་མཚམས་མི་སེར་འབྱོར་ཕྱུག་དང་། མཐའ་མཚམས་བརྟན་ལྷིང་། མཐའ་སྲུང་སྲ་བརྟན་བཅས་བྱུང་ཞིང་། དེ་ནི་བབ་ཆགས་ཤོས་ཀྱི་གནས་ལུགས་ཤིག་ཡིན་ལ། འགྱུར་མེད་ཀྱི་གནས་ལུགས་ཤིག་ཀྱང་ཡིན་པ་སྟེ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ཡོང་བར་སྔོན་ལ་མི་དེ་གར་སྡོད་འདོད་ཡོད་པར་བྱེད་དགོས། མི་སེམས་བརྟན་པོར་གནས་ཚེ་གཞི་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་ཐུབ།

    བློ་སེམས་མཐུན་ན་ལམ་ཐག་ཉེ། རིམ་པར་ཕྱིན་ན་དམིགས་སར་འབྱོར། སེམས་མཐུན་དང་། ངང་རིང་། ཤུགས་སྒྲིལ་བཅས་ཀྱི་ལས་སྒྲུབ་རྣམ་པ་ཞིག་ཡོད་ཚེ་ང་ཚོའི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་རེད།

    དྲོ་སྐྱིད། གྲུབ་འབྲས།

    དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཡུལ་མི་ཟླ་བ་ཚེ་རིང་གི་ཁྱིམ་དུ་ཐབ་ནང་མེ་ལྷོག་ལྷོག་ཏུ་འབར་བཞིན་ཡོད། ཁོང་གིས“འདི་གར་སྤོས་ནས་ལོ་གཅིག་ལྷག་ཙམ་སོང་རིང་། དགུན་ཁ་འཁྱགས་ཀྱི་མི་འདུག་ལ། སེམས་པ་ལྷོད་ལ་བབས་པས། འཚོ་བར་རེ་སྒུག་གིས་ཁེངས་སོང་། དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་ཏང་དང་སྲིད་གཞུང་གིས་ང་ཚོར་གདེང་སྤོབས་གནང་བྱུང”ཞེས་བཤད།

    གདེང་སྤོབས་དེ་གང་ནས་བྱུང་བ་ཡིན་ནམ་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་ཞེས་གསལ་པོར་བསྟན་གནང་ཡོད།

    ཁ་ཕྱོགས་གཏན་འཁེལ་བྱུང་རྗེས་མ་དངུལ་ཡང་དེ་བསྟུན་གྱིས་དོན་འཁྱོལ་བྱུང་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱིས་དམངས་འཚོའི་ཐད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་བཏང་ནས་ལོ་ལྔ་གོང་མ་ལས་45%འཕར་བ་དེས་ནོར་སྲིད་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་80%ལྷག་ཙམ་ཟིན་ཡོད།

    སྨན་བཅོས་དང་། རྒན་གསོ། སྡོད་ཁང་བཅས་ལས་མང་ཚོགས་ཀྱི་འཚོ་བའི་རྨང་གཞི་བརྟན་དུ་སོང་ཞིང་། 2026ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་མི་རེར་ལོ་རེར་སྒོར་765བར་སྤར་བ་དང་། གྲོང་ཁྱེར(ས་ཁུལ)བདུན་དུ“ཀ་པ་རིམ་པ་གསུམ་པའི”སྨན་ཁང་ཡོངས་སུ་ཁྱབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་305བར་སྤར་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་སུ་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་5.15བརྒྱབ་པ་དང་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་ཁྲི་5.33སྒྱུར་བཀོད་བྱས་ཡོད། 2026ལོར“འགན་ལེན་གསུམ”གྱི་གྲོན་དངུལ་ཚད་གཞི་སློབ་མ་རེར་ཆ་སྙོམས་སྒོར་5940བར་མཐོ་རུ་བཏང་ཡོད།

    སློབ་གྲྭར་ཞུགས་པ་ནས་རྒན་གསོའི་བར་དང་སྨན་པ་བསྟེན་པ་ནས་སྡོད་ཁང་བར། དམངས་འཚོ་འགན་སྲུང་གི་ཚད་གཞི་རིམ་པ་བཞིན་མཐོ་རུ་བཏང་ཡོད།

    ཡོང་འབབ་ནི་དམངས་འཚོའི་ཆེས་ཐད་ཀའི་ཚད་རྟགས་ཤིག་ཡིན་ཞིང་། 2025ལོར་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33600ཟིན་ཏེ་ལོ་གོང་མ་ལས་7.2%འཕར་ཡོད།

    ཡོང་འབབ་དེ་དག་གང་ནས་བྱུང་ཡོད་དམ་ཞེ་ན། ལས་ཞུགས་ནི་འབབ་འཕར་གྱི་འདེགས་སྐྱོར་ཆེ་ཤོས་ཤིག་ཡིན། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཏེ་ཕན་འབྲས་ཐོན་ནས། གྲོང་གསེབ་ཀྱི་ལག་ཤེས་པར་རྩལ་ནུས་ཀྱི་གདེང་འཇོག་ཡོད་པ་མ་ཟད། རང་ཡུལ་གྱི་ཤེས་ལྡན་པའང་གོ་མིང་དཔྱད་འདེམས་ནང་ཞུགས་ཆོག་པས། ངལ་རྩོལ་པ་སྔར་ལས་མང་བར་ལག་ཤེས་ལ་བརྟེན་ནས་འབབ་ཁུངས་བརྟན་པོ་རག་ཡོད། 2025ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་66ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་75.4བྱུང་ཡོད།

    མཆོངས་ནས་སྙོབ་པའི་སྙིང་སྟོབས་བཅངས། བཀའ་དྲིན་ཚོར་བཞིན་བྱ་གཞག་གཏོད།

    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། དྲིན་ཚོར་གྱི་བསམ་པ་དེ་འབད་འབུངས་ཀྱི་སྟོབས་ཤུགས་སུ་བསྒྱུར་ཏེ“དོན་ཆེན་བཞིར”དམ་འཛིན་མཐར་ཕྱིན་བྱས་ཚེ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དང་དེ་བས་མཛེས་སྡུག་ལྡན་པའི་བོད་གསར་སྐྲུན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།