བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ད་ལོ་ཚུན་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་དཔེ་སྟོན་ཁུལ”གྱི་ལག་ལེན་ཐབས་ལམ་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་མངོན་ཡོད།
ཟླ་བ་དང་པོར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་། འབྲི་རུ་རྫོང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་བཅས་ལ་རྒྱལ་ཡོངས་ཀྱི་ཁག་བཅུ་གཉིས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པའི་མིང་བཏགས་པ་དང་། མི་1རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་ལ་བདམས་པ་རེད། མིག་སྔའི་བར། གྲོང་ཁྱེར་དེས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཚན་པ་10བཙུགས་པ་དང་། རྒྱལ་ཡོངས་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་རིམ་པའི་དཔེ་བཟང་མཉམ་སྡེབ་དང་དེ་བཞིན་མི་སྒེར་705ཐོན་པ། སྡེ་ཁུལ་14དང་། ཁྲོམ་གཞུང་4 ཁྲོམ་ར་3བཅས་བཏོད་པ། མི་རིགས་མཐུན་སྒྲིལ་གྱི་ས་ཚིགས་19དང་མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེན་མོ་1བསྐྲུན་པ། རིགས་ཁག་གི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་དང་། བཤམས་སྟོན་ཁང་། རྡོ་རིང་བར་ཁྱམས་སོགས་170ལྷག་ཙམ་བསྐྲུན་པ་བཅས་བྱས་པས། གནས་ནས་ཚིགས་དང་ཚིགས་ནས་ངོས་བར་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་ཆེ་རུ་རྒྱུན་མཐུད་ཕྱིན་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་དང་། ཁྱབ་ཁོངས་མང་བ། རྒྱུན་རྣམ་ཅན་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ། “མིག་འདྲིས་རྣར་འཇགས”ནས“སེམས་སུ་ཟུག་པའི”བར་ཟབ་ཏུ་བཏང་ཡོད། ལོ་སྟོད་དུ། ནག་ཆུ་གྲོང་ཁྱེར་གྱིས་ཆེད་དོན་སློབ་སྦྱོང་ཐེངས་550ལྷག་ཙམ་བྱས་པ་དེ་མི་ཐེངས་ཁྲི་1.8ལྷག་ཙམ་ལ་ཁྱབ་ཡོད། སྒོར་ཁྲི་23ལྷག་ཙམ་བཏང་ནས་དབང་གྲགས་ལྡན་པའི་ཀློག་དེབ་ཁྲི་1.55སྤྲད་ཡོད། ཏང་གི་སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རྩེར་སོན་སློབ་ཚན་གསར་གཏོད་དང་གསར་སྤེལ་བྱས་ཡོད། སློབ་གསོའི་སྡེ་ཚན་གྱིས་སློབ་ཁང་གི་འཐབ་ས་གཙོ་བོར་གཞི་ཚུགས་ཏེ་བྱེད་སྒོ་སྣ་ཚོགས་ཐེངས་4500ལྷག་ཙམ་སྤེལ་བ་དེ་དགེ་སློབ་མི་ཐེངས་ཁྲི་15ལྷག་ཙམ་ལ་ཁྱབ་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་ལམ་སྲོལ་ལ་བརྟེན་ནས《2026ལོའི་ནག་ཆུ་གྲོང་ཁྱེར་གྱི་རིམ་པ་དེ་གའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གསུམ་གྱི་བྱེད་སྒོའི་འཆར་གཞི》ཞིབ་འཇུག་བྱས་ནས་བཟོས་པ་དང་། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གསུམ་གྱི་རྣམ་གྲངས་77ལག་བསྟར་བྱེད་པར་བོད་སྐྱོར་མ་དངུལ་སྒོར་ཁྲི་2140གཏོང་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།