དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་མང་པོའི་དཔོན་རིགས་ཧྲེན་ཀྲེན་དུ་བསྐྱོད་དེ་གྲོང་ཁྱེར་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་སྐྱེ་ཁམས་བཅོས་སྐྱོང་སྐོར་གྱི་ཀྲུང་གོའི་ལག་ལེན་ཉམས་སུ་མྱངས་པ།

    ​“ཧྲེན་ཀྲེན་གྱིས་དེང་རབས་གྲོང་ཁྱེར་འཛུགས་སྐྲུན་ལ་ལྗང་མདོག་གི་འདུ་ཤེས་དངོས་འབྲེལ་མཉམ་འདྲེས་བྱས་འདུག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲོའུ་ཀྲོའུ།   |     སྤེལ་དུས།  2026-11-26

    “ཧྲེན་ཀྲེན་དུ་མ་བསླེབས་གོང་། འདི་ནི་མིག་གིས་མཐོང་ཚད་ཚང་མ་ལྗང་མདོག་ཡིན་པའི་གྲོང་ཁྱེར་ཞིག་ཡིན་པ་བསམ་པའི་ཡུལ་ལ་ཡང་འཁོར་མ་བྱུང” ཨེ་ཙེ་ཨོ་ཕི་ཡའི་ཙུང་ལིའི་ལས་ཤག་གི་རྒྱལ་དོན་པུའུ་ཀྲང་ཅེ་ཐུའུ·ཨའེ་ཏུའོ་ས·ཆི་ཝ་ཁ་མི་རིང་བའི་གོང་ཀྲུང་གོའི་ཚོང་དོན་པུས་གཙོ་གཉེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དོ་དམ་ལས་བྱེད་སློབ་གླིང་གིས་གཉེར་འགན་འཁུར་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་འོག་གི་ནགས་ཚལ་ཐོན་ཁུངས་དོ་དམ་དང་ལྗང་མདོག་འཕེལ་རྒྱས་ཀྱི་པུའུ་རིམ་པའི་བགྲོ་གླེང་འཛིན་གྲྭར་ཞུགས་ནས། ལི་པེ་རི་ཡ་དང་། སི་རི་ལན་ཁ། ཐེ་ལན། མ་ལེ་ཞི་ཡ་སོགས་ཀྱི་དཔོན་རིགས་30ལྷག་ཙམ་དང་མཉམ་དུ་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དུ་བསྐྱོད་དེ། གྲོང་ཁྱེར་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་སྐྱེ་ཁམས་བཅོས་སྐྱོང་སྐོར་གྱི་ཀྲུང་གོའི་ལག་ལེན་ཉམས་སུ་མྱངས་པ་རེད། “ཧྲེན་ཀྲེན་གྱིས‘ཚན་རྩལ་མཐོ་བའི་ཐོན་ལས་གཅིག་སྡུད་ཀྱི་གྲོང་ཁྱེར་ལ་སྐྱེ་ཁམས་བཟང་པོ་འབྱུང་དཀའ’བའི་སྔར་ཡོད་ཀྱི་བག་ཆགས་དེ་བསལ་ནས་ཐོན་ལས་དང་། གྲོང་ཁྱེར། ནགས་ཚལ་བཅས་འདི་གར་ཞི་མཐུན་མཉམ་གནས་ཐུབ་འདུག ཧྲེན་ཀྲེན་ནི་ཚན་རྩལ་གསར་གཏོད་ལྟེ་གནས་ཤིག་རེད་ལ། ལྗང་མདོག་གི་གྲོང་ཁྱེར་ཞིག་ཀྱང་རེད”ཅེས་ཆི་ཝ་ཁས་བཤད་པའི་སྐད་ཆ་ལས་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོའི་བསམ་འདུན་མངོན།

    “ང་ཚོས་རྒྱུན་མཐུད་ཆོག་པའི་ནགས་ཚལ་དོ་དམ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཔྱད་གཞི་ཡག་པོ་མཁོ་འདོན་བྱས་འདུག”

    པེ་ཅིང་ནས་མྱུར་བགྲོད་མེ་འཁོར་ལ་བསྡད་དེ་ལྷོ་ཕྱོགས་སུ་བསྐྱོད། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་300ལས་བརྒལ་ཡང་འཁོར་སྒྲོམ་བརྟན་ལ་ནང་དུ་ཁ་ཁུ་སིམ། སྒེའུ་ཁུང་ནས་ཐོག་བརྩེགས་ཁང་ཆེན་མང་བའི་གྲོང་ཁྱེར་དང་། ལྷིང་འཇགས་ཡིད་དུ་འོང་བའི་གྲོང་གསེབ་ཀྱི་རྣམ་པ་མཐོང་ཐུབ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལིའི་ལས་ཤག་གི་རྒྱལ་དོན་པུའུ་ཀྲང་མུའུ་ས·ཨའེ་ཧ་མའེ་ཏེ·པ་པེ་ཅིར་གྱིས“ལམ་རྒྱུད་ཀྱི་མཛེས་ལྗོངས་ནས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པ་ལས་བྱུང་བའི་གྲོང་ཁྱེར་འཛུགས་སྐྲུན་གྱི་གྲུབ་འབྲས་དང་སྲུང་སྐྱོང་ཡག་པོ་ཐུབ་པའི་རང་བྱུང་མཛེས་ལྗོངས་མངོན་གྱི་འདུག ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་བཅོས་སྐྱོང་ཐད་ནས་གྲུབ་འབྲས་མངོན་གསལ་དོད་པོ་འདི་འདྲ་ཇི་ལྟར་བཏོད་པ་ཡིན་ནམ”ཞེས་བཤད།

    ཧྲེན་ཀྲེན་གྱི་དེང་རབས་སྒྱུ་རྩལ་དང་གྲོང་ཁྱེར་འཆར་འགོད་ཁང་དུ། སྐུ་མགྲོན་ཚོས་ཧྲེན་ཀྲེན་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཚན་རིག་དང་མཐུན་པའི་འཆར་འགོད་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། འགྲེམས་པང་མདུན་དུ། གསལ་འགྲེལ་པས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙང་སེལ་སྐོར་གྱི་ནང་དོན་བཤད་པས་མ་ལེ་ཞི་ཡའི་སེན་མེ་ལན་ཀྲོའུ་ནགས་ལས་ཅུས་ཀྱི་ཁྲུའུ་ཀྲང་གཞོན་པ་ལ་ཧྥ་ཨའེ·པེན·ཨའེ་ཧ་མའེ་ཏེའི་ཡིད་དབང་བཀུག་པ་རེད། རྒྱལ་ཡོངས་ཀྱི་དེང་རབས་ཅན་གྱི་གད་སྙིགས་མེར་སྲེག་གློག་འདོན་བཟོ་གྲྭ་དང་པོ་དང་རྒྱལ་ཡོངས་ཀྱི་འཚོ་བའི་གད་སྙིགས་ཚང་མ་མེར་སྲེག་ཐུབ་པའི་གྲོང་ཁྱེར་ཆེ་གྲས་དང་པོ་སོགས་ཀྲུང་གོའི་གད་སྙིགས་མེར་སྲེག་གློག་འདོན་ལས་རིགས་ཀྱི“ཨང་དང་པོ”མང་པོ་ཞིག་ཧྲེན་ཀྲེན་དུ་ཡོད་པ་རེད། ཁོང་གིས་འགྲེལ་བཤད་ལ་ཞིབ་ཏུ་ཉན་ཞིང་སྐབས་འགར་དྲི་བ་ཡང་ཡང་བཏོན། “ངས་ལྟ་སྐོར་དང་འཚམས་འདྲི་བྱེད་རིང་ནགས་ཚལ་དོ་དམ་དང་། རང་བྱུང་སྲུང་སྐྱོང་། གྲོང་ཁྱེར་དེང་རབས་ཅན་འཕེལ་རྒྱས་བཅས་ཚུད་པའི་ཉམས་མྱོང་མང་པོ་ཞིག་ཤེས་བྱུང་། ཉམས་མྱོང་འདི་དག་གིས་རྒྱུན་མཐུད་ཆོག་པའི་ནགས་ཚལ་དོ་དམ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ང་ཚོར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱེད་ཐུབ”ཅེས་ཨའེ་ཧ་མའེ་ཏེས་བཤད།

    “རང་བྱུང་ཐོན་ཁུངས་དོ་དམ་གསར་གཏོད་ཐད་ཧྲེན་ཀྲེན་འདི་ཉིད་འཛམ་གླིང་གི་མདུན་གྲལ་དུ་སླེབས་འདུག”

    ཧྲེན་ཀྲེན་གྱིས“རི་མཚོ་གྲོང་སྦྲེལ”གྱི་འཆར་གཞི་དང་དེ་བཞིན་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པ་ཤེས་རྟོགས་བྱུང་བས། ཀམ་པི་ཡའི་ཁོར་ཡུག་པུའུ་ནགས་ལས་ཅུས་ཀྱི་ནགས་ལས་ལས་རོགས་དཔོན་རིགས་དབྱང་ཁུའུ་པ·པར་ཆའོ་ཡིས“ཧྲེན་ཀྲེན་སོགས་ཀྲུང་གོའི་གྲོང་ཁྱེར་གྱི་འཕེལ་རྒྱས་ནི་སྔོན་ལ་སྤྱི་ཡོངས་འཆར་འགོད་ཡག་པོ་བྱས་རྗེས་གཞི་ནས་འཛུགས་སྐྲུན་བྱས་པ་དང་སྔོ་ལྗང་གི་བར་མཐོངས་ནི་ཐོག་མ་ཉིད་ནས་སྤྱི་འདོམས་འཆར་འགོད་བྱས་འདུག བྱེད་སྟངས་འདིའི་རིགས་ཀྱིས་ལྗང་མདོག་གི་བར་མཐོངས་ཡག་པོར་སྲུང་ཐུབ། སྔོན་ལ་འཆར་འགོད་བྱེད་པའི་ཀྲུང་གོའི་བསམ་ཕྱོགས་འདི་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད”ཅེས་བཤད།

    ཧྥུའུ་ཐེན་རྒྱལ་ཁབ་རིམ་པའི་ཤིང་དམར་ཚལ་རང་བྱུང་སྲུང་སྐྱོང་ཁུལ་ནི་ཇི་འདྲའི་ལྷིང་འཇགས་ལྡན་པ་ཞིག་རེད། འདབ་ཆགས་ལ་ལྟ་སའི་བསིལ་ཁང་ནས་རྒྱང་ལྟ་བྱས་ཚེ“ཡུག་གཅིག་ཏུ་འབྲེལ་བའི་མཚོ་ཐོག་གི་ནགས་ཚལ”ཆ་ཚང་མཐོང་ཐུབ། དེ་ག་ནི་ཀྲུང་གོའི་གྲོང་ཁྱེར་གྱི་ཕང་བར་གནས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འབའ་ཞིག་ཡིན་ཞིང་དེར་ལོ་རེར་དུས་བྱ་ཁྲི་10ཙམ་དགུན་སྒྲོལ་བྱེད་ཀྱི་ཡོད། སྔོན་ཆད་སྲུང་སྐྱོང་ཁུལ་དུ་མི་ཐབས་ལ་བརྟེན་ནས་དུས་བྱར་སྐོར་སྲུང་བྱེད་ཀྱི་ཡོད་མོད། ད་ཆ་རབ་གསལ་བརྙན་མིག་དང་མི་ཐབས་རིག་ནུས་དབྱེ་འབྱེད་མ་ལག་ལ་བརྟེན་ནས་འདབ་ཆགས་ཁྱུ་ཚོགས་དབྱེ་འབྱེད་དང་གྲངས་འབོར་བསྡོམས་རྩིས་རྒྱག་གི་ཡོད། རྒྱལ་ཡོངས་ཀྱི་ཐེངས་དང་པོར་གསར་གཏོད་བྱས་པའི་རིག་ནུས་ཆུ་སྒོའི་མ་ལག་གིས་གནམ་གཤིས་དང་། ཆུ་ཁོངས་རྒྱ་ཁྱོན། དུས་བྱའི་གྲངས་འབོར་སོགས་ཀྱི་གྲངས་གཞི་ཕྱོགས་བསྡོམས་བྱས་ཐོག་རྩིས་རྒྱག་རིགས་འདེད་བྱས་པ་བརྒྱུད་ཉ་རྫིང་གི་ཆུ་ཁ་སྙོམས་སྒྲིག་ཞིབ་ཚགས་བྱས་ཏེ་དུས་བྱར་སྐྱིད་སྣང་དོད་པའི་སྡོད་གནས་སྐྲུན་གྱི་ཡོད། “གྲོང་ཁྱེར་འཆར་འགོད་ནི་ཨར་འདམ་དང་ལྕགས་རྩིབས་ཀྱི‘ནགས་ཚལ’སྐྲུན་པ་མིན་པར་ནགས་ཚལ་དང་། ནེའུ་གསིང་། ཤིང་དམར་ཚལ་བཅས་ཀྱི་སྐྱེ་འཚར་ལ་བསམ་གཞིག་གང་ལེགས་བྱེད་དགོས། གྲོང་ཁྱེར་ཡར་ཐོན་ཡོང་དགོས་ན་འཛུགས་སྐྲུན་དང་སྒྲིག་བཀོད་ཁོ་ན་མ་ཡིན་པར་ད་དུང་རིག་གནས་དང་། སྐྱེ་ཁམས། སྤྱི་པའི་བར་མཐོངས་བཅས་ཕན་ཚུན་མཐུན་སྦྱོར་ཡང་བྱེད་དགོས། ཧྲེན་ཀྲེན་གྱིས་དེང་རབས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལ་ལྗང་མདོག་གི་འདུ་ཤེས་དངོས་འབྲེལ་མཉམ་འདྲེས་བྱས་འདུག”ཅེས་སི་རི་ལན་ཁའི་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གཞོན་པ་ཨན་ཏུང·ས་ལ་ཐེ·ཅ་ཡ་ཁོ་ཏིས་བཤད།

    “ཀྲུང་གོའི་ལག་རྩལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་ཐང་རྒོད་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”

    ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ཡོད།

    ཧྲེན་ཀྲེན་ལྷོ་རིའི་ཁུལ་དུ་གནས་པའི་ཏ་ཅང་ཝུའེ་ཤིན་འགྲེམས་ཁང་དུ་མི་མེད་གནམ་གྲུ་དང་བརྙན་པར་སྒྲིག་ཆས་སོགས་ཀྱི་ཐོན་རྫས་གྲལ་སྟར་འགྲིག་པོར་བཞག་ཡོད། གསལ་འགྲེལ་པའི་ཁྲིད་སྟོན་འོག་སྐུ་མགྲོན་ཚོས་མི་མེད་གནམ་གྲུ་དེ་དག་མཁའ་དབྱིངས་པར་ལེན་དང་། ཐིག་ལེན་རིས་འབྲི། ཞིང་ལས། བདེ་སྲུང་། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ཐད་བེད་སྤྱོད་གཏོང་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། ཨེ་ཅིབ་རྒྱལ་ཁབ་ཆུའི་ཐོན་ཁུངས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་གཞོན་པ་པེ་ལ་ལེ·ནུའོ་ཏི·ཨ་པུའུ་ཏུའུ་ལེ་ཧ་ལི་མུའུ་ཡིས་ལས་དོན་པར་ཐོན་རྫས་ཀྱི་ཞིབ་ཕྲའི་གནས་ཚུལ་དྲིས་པ་རེད། ཁོང་གིས“ཨེ་ཅིབ་ཏུ་ཞིང་ལས་དང་ནགས་ཚལ་ལ་གཡོག་བྱེད་བྱེད་སྐབས་ཆུའི་ཐོན་ཁུངས་དཀོན་པ་དང་། ས་ཆ་ཞན་འགྱུར། ནད་འབུའི་གནོད་འཚེ་མང་བ། ཐག་རིང་ལུང་ཁུག་ས་ཁུལ་དུ་ལྟ་ཞིབ་ཚད་ལེན་བྱེད་དཀའ་བ་སོགས་ཀྱི་འགྲན་སློང་འཕྲད་ཀྱི་ཡོད་པས། སྲོལ་རྒྱུན་གྱི་སྐོར་ཞིབ་བྱེད་ཐབས་སྤྱད་ན་དུས་ཚོད་ཆུད་ཟོས་དང་ངལ་དུབ་ཆེ་ལ། གནད་ལ་འཁེལ་པོ་དེ་ཙམ་མེད། མི་མེད་གནམ་གྲུའི་ལག་རྩལ་ནང་འདྲེན་བྱས་ཚེ་སྐྱེ་དངོས་ཀྱི་སྐྱེ་ཚུལ་དང་ས་རྒྱུའི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་མགྱོགས་མྱུར་ཤེས་ནས་རིག་ལྡན་ཞིང་ལས་འཕེལ་རྒྱས་ལ་རམ་འདེགས་ཐུབ་པ་དང་། ཁྲིམས་དང་མི་མཐུན་པར་ཤིང་གཅོད་མཁན་ལ་ལྟ་ཞིབ་ཚད་ལེན་ནུས་ལྡན་ཐུབ་པ་དང་མེ་སྐྱོན་སྔོན་བརྡ་གཏོང་ཐུབ། ང་ཚོས་ཀྲུང་གོའི་རོགས་ཟླ་དང་མཉམ་དུ་མི་མེད་གནམ་གྲུ་དང་། སྲུང་སྐར་རྒྱང་ཚོར། མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་ཟུང་འབྲེལ་བྱས་ནས། ཞིང་ལས་དང་ནགས་ཚལ་ལ་གཡོག་བྱེད་གནད་སྨིན་ཅན་དང་རྒྱུན་མཐུད་ཅན་ལ་སྐུལ་འདེད་བཏང་སྟེ། འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་སྲུང་སྐྱོང་ལ་རམ་འདེགས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།