ལྷོ་རོང་རྫོང་གིས་ཚད་གཞི་མཐོ་བའི་ས་ཞིང་རྒྱུན་རྣམ་ཅན་གྱི་བདག་སྐྱོང་བྱས་པ།

འདི་ནི་ལྷོ་རོང་རྫོང་གིས་མང་ཚོགས་སྐུལ་སློང་བྱས་ཏེ་ཚད་གཞི་མཐོ་བའི་ས་ཞིང་བདག་སྐྱོང་བྱེད་བཞིན་པ།
ཟླ་11པར་བོད་ཤར་རྒྱུད་ཀྱི་ལྷོ་རོང་དུ་ནས་སྔ་ས་ནས་བསྡུས་ཟིན་ཏེ་འབྲུ་མཛོད་དུ་བཅུག་ཟིན་པ་དང་། དགུན་དུས་ཀྱི་ཞིང་དལ་དུས་འཆར་ཡོད། འོན་ཀྱང་ཁང་གསར་གྲོང་རྡལ་ཁང་གསར་གྲོང་ཚོའི་ཞིང་ནང་དུ་ཟླ་བ་བཀྲ་ཤིས་ཀྱིས་གྲོང་ཚོའི་བདག་སྐྱོང་བ་དང་མཉམ་དུ་ཆུ་ཡུར་དུམ་བུ་རེ་རེ་བཞིན་འགག་ཡོད་མེད་དང་ཞིང་འཕྲུལ་ལམ་ལ་རླངས་འཁོར་ལྕི་རིགས་ཀྱིས་གཏོར་སྐྱོན་བཏང་ཡོད་མེད་ལ་ཞིབ་བཤེར་བྱེད་བཞིན་ཡོད། དེ་ནི་ད་ལོ་དགུན་ཁ་ཤར་ཚུན་ལེབ་བཤེར་བྱེད་ཐེངས་དང་པོ་དེ་ཡིན་ཞིང་། ཁོང་གིས“ཞིང་དལ་ཡིན་ཡང་ཆུ་ཡུར་བེད་མེད་དུ་འཇོག་མི་རུང་། ཆུ་ཡུར་འགག་ན་སང་ལོ་ཞིང་ཁར་དཔྱིད་ཆུ་གཏོང་མི་ཐུབ”ཅེས་བརྗོད།
སྔོན་ཆད་དེ་ལྟར་མིན་ཞིང་། ཁང་གསར་གྲོང་རྡལ་ལྟེ་དཀར་གྲོང་ཚོའི་ཆུ་ཡུར་བཟོས་ནས་ལོ་ཁ་ཤས་ལས་མ་སོང་བར་ཡུར་བུའི་ཟུར་ཞིག་ཆུ་ལོག་གིས་འཁྱེར་ཏེ་དེའི་ཁུལ་དུ་ཆུ་འདྲེན་མ་ཐག་ཤོར་འགྲོ་གི་ཡོད།
ད་ལོའི་ཟླ་5པར་ཆུ་ཡུར་ལ་བསྐྱར་དུ་སྐྱོན་ཤོར་སྐབས། མང་ཚོགས་ཀྱིས་དོ་སྣང་མ་བྱུང་གོང་ལ་བདག་སྐྱོང་བས་ཞིང་ཁར་འཆར་ཅན་གྱི་སྐོར་གཡེང་བྱེད་སྐབས་ཤེས་རྟོགས་ཐུབ་སྟེ་གྲོང་ཚོར་ཁ་པར་བརྒྱབ་པ་དང་། གྲོང་ཚོས་ཤང་དང་གྲོང་རྡལ་ལ་སྙན་སེང་ཞུས་པ། ཤང་དང་གྲོང་རྡལ་གྱིས་རྫོང་ལ་སྙན་སེང་ཞུས་པས། འདམ་རྫབ་གཤོང་མཁན་ཉིན་དེའི་ཕྱི་དྲོ་ཞིང་ནང་དུ་འབྱོར་ནས་ཆུ་ཡུར་བཤངས་རྗེས་ཉིན་གསུམ་ནས་ཞིང་ནང་དུ་སླར་ཡང་ཆུ་གཏོང་ཐུབ་ཡོད། “དེ་དུས་ང་ཚོས་སྙན་སེང་མ་ཞུས་གོང་ལ་ཆུ་ཡུར་གཤོང་མཁན་སླེབས་འདུག”ཅེས་ཟླ་བ་བཀྲ་ཤིས་ཀྱིས་སྐབས་དེའི་གནས་ཚུལ་དྲན་གསོ་བྱེད་བཞིན་བཤད།
འགྱུར་ལྡོག་དེ་ལྟར་བྱུང་དོན་ནི“ལྟ་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པའི”བདག་སྐྱོང་ལམ་སྲོལ་ཆ་ཚང་ཞིག་སྤྱོད་བཞིན་ཡོད་པས་རེད། ལྷོ་རོང་རྫོང་གིས་བདག་སྐྱོང་གི་འགན་འཁྲི་རྫོང་ནས་ཞིང་ནང་བར་ནན་དུ་བཏང་བ་སྟེ། རྫོང་གིས་སྤྱི་འདོམས་དང་། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ། ཤང་དང་གྲོང་རྡལ་གྱིས་གཙོ་གནད་ཐོག་དམ་འཛིན། གྲོང་ཚོས་དོན་འཁྱོལ། མང་ཚོགས་ཞུགས་པ་བཅས་རེད། ད་ལོ་རྫོང་གི་གཙོ་འགན་ལྟ་འདོམས་སྡེ་ཚན་གྱིས་འཐབ་ས་དང་པོར་ལྟ་སྐུལ་མཛུབ་ཁྲིད་ཐེངས་59བྱས་པ་དང་། ཤང་དང་གྲོང་རྡལ་དང་གྲོང་ཚོ་དང་ཚོགས་ཆུང་དུ་དངོས་སྤྱོད་གསོ་སྦྱོང་ཐེངས་80ལྷག་ཙམ་བྱས་པར་མི་ཐེངས་12000ལྷག་ཙམ་ཞུགས་ནས། “མངོན་མེད་རྐྱེན་ངན་ཇི་ལྟར་ཤེས་རྟོགས་དང་སྐྱོན་ཆུང་དུས་ནས་ཇི་ལྟར་སེལ་དགོས་པ”སློབ་སྦྱོང་བྱས་ཡོད། བདག་སྐྱོང་བས་ཉིན་ལྟར་སྐོར་གཡེང་བྱེད་པ་དང་། གྲོང་ཚོས་གཏོགས་ཁོངས་ཀྱི་འགན་འཁུར་བ། ཤང་དང་གྲོང་རྡལ་གྱིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་དཔྱད་བྱེད་པ། རྫོང་གིས་རྗེས་འདེད་སྒྲུབ་སྐུལ་བཅས་བྱས་པས། ཞིང་ནང་གི་ལས་ཀ་ཙག་ཙིག་གོང་ཞུ་བྱེད་མི་དགོས་པར་རང་ས་རང་ཡུལ་དུ་ཐག་གཅོད་ཐུབ་ཀྱི་ཡོད།
སྟོན་ལས་ཚར་མ་ཐག་ལྷོ་རོང་རྫོང་གིས་དགུན་དལ་གྱི་ཞིབ་བཤེར་ཉམས་གསོ་བྱེད་འགོ་བཙུགས་ཤིང་། རྫོང་དེས་མཉམ་དུ་གྲལ་བཤེར་ཐེངས་མང་བྱས་ནས་ཞིང་དུད་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པའི་གནད་དོན་ཏེ། ཞིང་ནང་དུ་རྡོ་ཧྲུག་མང་བ་དང་། ཆུ་ཡུར་ནང་འདམ་རྫབ་ཀྱིས་ཁེངས་པ། ཞིང་འཕྲུལ་ལམ་ལ་གཏོར་སྐྱོན་ཕོག་པ། བྱེ་འདམ་གྱིས་རྫིང་བུ་ཁེངས་པ། ར་སྐྱོར་ལ་སྐྱོན་ཤོར་བ་སོགས་ལ་དམ་པོར་དམིགས་ནས། ཞིབ་བཤེར་ཐུབ་པ་ཚང་མ་ཐོ་གཞུང་བཟོས་ཏེ་དུས་བཀག་ནང་བཅོས་སྒྲིག་བྱེད་པ་དང་། བསྐྱར་བཤེར་གྱིས་དགུན་དུས་སུ་སྒྲིག་བཀོད་ལ་སྐྱོན་མི་ཤོར་བ་བྱེད་ཀྱི་ཡོད། མིག་སྔའི་བར་ཆེད་དོན་གྲལ་བཤེར་ཐེངས་107བྱས་ནས། རིགས་མི་འདྲ་བ་5ཡི་མངོན་མེད་རྐྱེན་ངན་ཁག་60ལྷག་ཙམ་ཤེས་རྟོགས་ཐུབ་པ་དང་། བྱེ་འདམ་གྱིས་རྫིང་བུ་ཁེངས་པ་དང་ར་སྐྱོར་ལ་སྐྱོན་ཤོར་བ་སོགས་ཀྱི་གནད་དོན་ཁག་30ལྷག་ཙམ་དག་ཐེར་གནད་སྨིན་བྱུང་ཡོད།
བདག་སྐྱོང་ཡུན་རིང་བྱེད་པར་མ་དངུལ་གྱི་འདེགས་སྐྱོར་བརྟན་པོ་དགོས་ཤིང་། ལྷོ་རོང་རྫོང་གིས་བདག་སྐྱོང་གི་ཆེད་དོན་མ་དངུལ་སྒོར་ཁྲི་219.7སྤྱི་འདོམས་བྱས་ནས་ཆེད་དངུལ་ཆེད་སྤྱོད་ཀྱིས་སྒྲིག་བཀོད་ཉམས་བཟོ་དང་བདག་སྐྱོང་དཔུང་ཁག་འཛུགས་སྐྱོང་བྱས་ཡོད། ལྷོ་རོང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་རྒྱུན་མཐུད་ལྟ་སྐུལ་འོག་བདག་སྐྱོང་ཐད“གཅིག་སྡུད་བཅོས་སྒྲིག”ནས“རྒྱུན་གཏན་བཅོས་སྒྲིག”ལ་འགྱུར་བཞིན་ཡོད། མིག་སྔར་རྫོང་དེའི་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་12.7ལ་བདག་སྐྱོང་བྱས་པ་དང་། ཞིང་ཆུ་འདྲེན་གཤོང་མ་ལག་དང་ཞིང་ནང་འགྲོ་ལམ་རྒྱུན་རྣམ་ཅན་གྱི་བདག་སྐྱོང་བྱེད་འགོ་ཚུགས་པ། ཞིང་འཕྲུལ་ཞིང་ནང་དུ་བསྐྱོད་ཐུབ་པ་དང་ཡུར་ཆུ་ཞིང་ནང་དུ་འདྲེན་ཐུབ་སྟེ་ནས་ཀྱི་ཐོན་འབབ་བརྟན་པོ་ཡོང་བའི་རྨང་གཞི་སྔོན་ཆད་ལས་བརྟན་དུ་ཕྱིན་ཡོད།
གྲངས་ཀ་དེ་དག་ཟླ་བ་བཀྲ་ཤིས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ཡོད་པ་སྟེ། དེ་ལས་ཁོང་གིས་སང་ལོ་དཔྱིད་ཀ་ཤར་སྐབས་ཆུ་ཡུར་ལ་སྐྱོན་ཤོར་ན་སུ་འཚོལ་དགོས་པའི་ཐད་སེམས་ཁྲལ་བྱེད་མི་དགོས་པ་མཚོན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།