དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁོར་ཡུག་ལྟ་ན་སྡུག ཡུལ་སྐོར་བྱེད་མཁན་མང་།

    ​ཧྲང་ཧའེ་རུ་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་གྲངས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-26

     གྲངས་གཞི་གསར་ཤོས་ཤིག་ལས་སྒོ་དབྱེའི་ཧྲང་ཧའེ་ཡི་ཡིད་དབང་འཕྲོག་ཤུགས་ལ་དཔང་པོ་བྱས་པ་སྟེ། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཧྲང་ཧའེ་ཡིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་626.39ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་29.5%འཕར་ཡོད། 2025ལོར་ཧྲང་ཧའེ་ཡིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་723ལ་སྣེ་ལེན་ཞུས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འགྲུལ་ཁུངས་ཀྱི་གྲུབ་ཆ་སྔར་བས་སྣ་མང་དུ་ཕྱིན་ནས་ཧན་གོ་དང་། ཨུ་རུ་སུ། ཨ་རི། ཐེ་ལན། མ་ལེ་ཞི་ཡ་སོགས་འགྲུལ་ཁུངས་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པ་དང་ཡོ་རོབ་དང་ཨ་རིའི་ལམ་ཐག་རིང་བའི་འགྲུལ་ཁུངས་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2023ལོར་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། “རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་འཐབ་ས་མདུན་མ་དང་གོ་ལ་ཧྲིལ་པོར་སྦྲེལ་མཐུད་གཏིང་ཟབ་བྱེད་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་མོ་ཧྲང་ཧའེ་ཡིས་འགོ་འཛུགས་ས་དེ་བས་མཐོ་བ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    ད་ཆ་ཧྲང་ཧའེ་ཡིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་སྟོབས་ཤུགས་དངོས་ལ་བརྟེན་ནས་མི་དེ་བས་མང་བའི་ཡིད་དབང་འགུག་བཞིན་ཡོད།

    འགྲན་བསྡུར་དང་ཚོགས་འདུ་རིམ་སྤེལ་བྱས་པ་ནི་རེས་སྐོར་དེར་རྒྱལ་ཁོངས་སུ་འཛུལ་མང་བའི་ཐད་ཀའི་རྒྱུ་རྐྱེན་གྲས་ཤིག་ཡིན། འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་དང་། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ། ཀྲུང་གོའི་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་རྒྱལ་སྤྱིའི་འཁྲབ་སྟོན་ཚོགས་ཆེན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སོགས་དང་བསྟུན་ནས་འཛམ་གླིང་ས་གནས་ཁག་གི་ཚོང་པ་དང་། བདམས་ཐོན་པ། ཡུལ་སྐོར་བ་བཅས་གཅིག་རྗེས་གཉིས་མཐུད་ངང་སླེབས་ཡོད།

    ཚ་རླབས་དེ་ལྟར་འཕྱུར་བ་ལས་ཧྲང་ཧའེ་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས་དང་ཡུལ་སྐོར་མཚོ་གྲུའི་གཙོ་ཆེའི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ་མངོན་ཡོད། ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་དེ་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ལ་མཁའ་ལམ་ཤར་གཏོང་ཐུབ་པའི་མཁའ་ལམ་དྲ་རྒྱར་བརྟེན་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་བའི་བར་བརྒྱུད་ས་ཆ་གལ་ཆེན་དུ་གྱུར་ཡོད། ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མའི་ལེགས་ཆར་བརྟེན་ནས་ད་ལོའི་ལོ་སྟོད་དུ་ཧྲང་ཧའེ་གྲུ་ཁས་ཡུལ་སྐོར་མཚོ་གྲུར་བསྡད་དེ་རྒྱལ་ཁོངས་སུ་འཛུལ་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་5.1ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་37.8%འཕར་ཡོད།

    འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཧྲང་ཧའེ་ཡིས་ཕྱོགས་ཡོངས་དང་འགོག་རྐྱེན་མེད་པའི་རྒྱལ་ཁོངས་སུ་འཛུལ་བའི་ཞབས་ཞུ་འགན་ལེན་མ་ལག་མགྱོགས་མྱུར་བསྐྲུན་ཡོད།

    2026ལོའི་ཧྲང་ཧའེ་དྲ་བའི་སྤོ་ལོའི་མཁས་ཆེན་འགྲན་བསྡུར་སྤེལ་རིང་། ཕྱི་རྒྱལ་གྱི་ལྟད་མོ་བ་མི་ཐེངས་ཁྲི་3ཙམ་ཟིན་པ་དེས་12%བཟུང་ཡོད། “ཀྲུང་གོར་སླེབས་སྐབས་གཏོང་སྤྲོད་བྱེད་སྟངས་ཐད་དཀའ་ངལ་འཕྲད་པའི་སེམས་ཁྲལ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་གནམ་ཐང་ནས་དོན་མ་ཐག་ལག་རྟགས་ཤིག་འབྱོར་བྱུང”དབྱིན་ཇིའི་ཅེ་སེན་ནི་མཁས་ཆེན་འགྲན་བསྡུར་ལ་རྒྱུན་དུ་ནས་ལྟ་མཁན་ཞིག་ཡིན་པ་དང་། ཁོང་ལ་འབྱོར་བའི་ལག་རྟགས་ནི“Shanghai Passགཱ་གཅིག་ཀུན་འཐུས”ཡིན་པ་དང་གཱ་དེས་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་པར་སྤྱོད་ཐུབ་པ་མ་ཟད། རིག་གནས་ཡུལ་སྐོར་དང་། དངོས་ཟོག་ཉོ་སྒྲུབ། བཟའ་བཏུང་སོགས་ཀྱི་ཐད་ལའང་སྤྱོད་ཐུབ་ཀྱི་ཡོད།

    ད་ཆ་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧྲང་ཧའེ་རུ་ཡུལ་སྐོར་བྱེད་པ་དེ་དབྱིངས་ཞུགས་རྣམ་པའི་ཕྱོགས་སུ་སྣུར་སྲིང་བྱེད་བཞིན་ཡོད་པ་སྟེ། ཡུས་ཡོན་དུ་མངོན་མིན་རིག་གནས་ཤུལ་བཞག་ཉམས་སུ་མྱོང་བ་དང་། ཝའེ་ཐན་ནས་གྲོང་ཁྱེར་གྱི་འཕོ་འགྱུར་ཉམས་སུ་མྱོང་བ། ཤིན་ཐན་ཏེ་རུ་རང་རྒྱལ་གྱི་ཚོང་ཟོག་འདེམས་པ་ལ་སོགས་བྱེད་ཀྱི་ཡོད།

    གནས་སྐབས་ཡུལ་སྐོར་བྱེད་པ་ནས་ཡུན་རིང་སྡོད་པའི་བར་ཧྲང་ཧའེ་ཡི་ཡིད་དབང་འཕྲོག་ཤུགས་ནི་སྒོ་དབྱེའི་ཁོར་ཡུག་དང་རྒྱུན་མཐུད་ལེགས་སུ་འགྲོ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་བརྗེས་བྱས་པ་ལས་བྱུང་བ་ཡིན།

    ལོ་10ཡི་གོང་། སི་ལོ་ཝ་ཁེ་ཡའི་འགྲིམ་འགྲུལ་པུའི་དེ་སྔའི་དཔོན་རིགས་པི་ཏེ·ཧོ་ལ་ཕེ་ཁེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་བརྟེན་ནས་ཀྲུང་གོར་འཚམས་འདྲི་བྱེད་སྐབས་ཀྲུང་གོའི་རྒྱ་ཆེ་བའི་ཟོག་འགྲུལ་ཁྲོམ་རར་ཡིད་དབང་འཕྲོག་ཡོད། ན་ནིང་ཁོང་གིས་ལག་རྩལ་ལ་བརྟེན་ནས་སླར་ཡང་ཧྲང་ཧའེ་རུ་རྒྱལ་སྤྱིའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ནང་ཞུགས་པས་སྒོར་ཁྲི་60ཟིན་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་ལག་རྩལ་གསར་གཏོད་མ་དངུལ་གྱི་རོགས་སྐྱོར་ཐོབ་ཐང་རག་ཡོད། ད་ལོའི་ཟླ་3པར་ཁོང་གིས་པའོ་ཧྲན་སློབ་ཆེན་གྱི་ཚན་རྩལ་གླིང་དབར་གན་རྒྱ་བཞག་ནས་དེ་ལས་བྱུང་བའི“དོས་སྒམ་སྙོམས་སྤོ་མཉམ་འདྲེན་མ་ལག”རང་ཡུལ་ཅན་གྱི་གསར་སྤེལ་བྱས་པ་རེད།

    “གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོར་བྱ་དགའ་སྒོར་ཁྲི་60ཐོབ་པ་ཙམ་མ་ཟད། ང་ཚོར་ཧྲང་ཧའེ་བ་ཚོའི་ཡིད་ཆེས་ཀྱང་ཐོབ་ཡོད”ཅེས་པི་ཏེས་བཤད། འགྲན་བསྡུར་མཇུག་འགྲིལ་རྗེས་ལེ་ལག་ཚང་བའི་ཞབས་ཞུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གཙོ་གཉེར་ཕྱོགས་ཧྲང་ཧའེ་གྲོང་ཁྱེར་ཚན་རྩལ་ལས་གཏོད་ལྟེ་གནས་ཀྱིས་ཚོགས་པ་དང་སྦྲེལ་མཐུད་བྱེད་རོགས་ཧུར་ཐག་བྱས་ཏེ་ཁེ་ལས་གཞིས་ཆགས་དང་ལག་རྩལ་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།

    ཕྱི་རྒྱལ་གྱི་རང་བྱུང་མི་OPC(མི་གཅིག་ཚད་ཡོད་ཀུང་སི)ཚོད་ལྟ་དང་། ཕྱི་རྒྱལ་གྱི་ཚན་རྩལ་གསར་གཏོད་རྣམ་གྲངས་དང་ས་གནས་དེ་གའི་རྣམ་གྲངས་ལ་འདྲ་མཉམ་གྱི་རྒྱབ་སྐྱོར་ཚད་གཞི་ལོངས་སུ་སྤྱོད་པ་སོགས་སྲིད་ཇུས་ཀྱི་ཚད་བརྒལ་རབ་དང་རིམ་པ་བཅས་ལས་ཧྲང་ཧའེ་འདི་ཉིད་ཕྱི་རྒྱལ་གྱི་གཏོད་མཁན་མང་བའི་ས་ཆར་གྱུར་ཡོད།

    ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཧྲང་ཧའེ་རུ་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་4720གསར་དུ་བཙུགས་པ་དང་ཕྱི་རྒྱལ་གྱི་མ་འཇོག་ཨ་སྒོར་དུང་ཕྱུར་132དངོས་སུ་སྤྱད་པ་དེ་དུས་མཚུངས་ལས་9.4%འཕར་ཡོད། དེའི་ནང་ཚན་ཞིབ་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་མ་དངུལ་ནང་འདྲེན་བྱེད་ཚད་40%འཕར་བ་དང་ལག་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་མ་དངུལ་ནང་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།