“རྩལ་ནུས་ཆེ་བའི་ཤེས་ལྡན་པ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས”
ཟླ་9ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་48པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། “ཀྲུང་གོས་སྐབས་འདིའི་འགྲན་བསྡུར་ཆེ་མོ་གཉེར་བ་གོ་སྐབས་སུ་བྱས་ཏེ་ངལ་རྩོལ་པ་དེ་བས་མང་བ་དང་ལྷག་པར་དུ་གཞོན་ནུ་ཚོས་རྩལ་ནུས་ལ་བརྟེན་ནས་ཤེས་ལྡན་པའི་ལམ་བུའི་ཐོག་བསྐྱོད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱ་རྒྱུ་ཡིན། ང་ཚོས་ཕྱོགས་ཁག་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་རྩལ་ནུས་ལས་འགུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་འདོད་ཡོད”ཅེས་ནན་བཤད་གནང་བ་རེད།
སྐབས་འདིའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་ཀྲུང་གོའི་འཐུས་མི་ཚོགས་པས་རྣམ་གྲངས་64ཚང་མར་ཞུགས་པར། གསེར་གྱི་རྟགས་མ་41དང་། དངུལ་གྱི་རྟགས་མ་11 ཟངས་ཀྱི་རྟགས་མ་4 ཕུལ་བྱུང་བྱ་དགའ་6བཅས་ཐོབ་ནས། གསེར་གྱི་རྟགས་མའི་མིང་གྲལ་དང་། བྱ་དགའི་རྟགས་མའི་མིང་གྲལ། ཚོགས་པའི་སྤྱིའི་སྐར་གྲངས་བཅས་ཚང་མ་ཨང་དང་པོ་ཐོབ་ནས་རང་རྒྱལ་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
རྩལ་ནུས་ཤེས་ལྡན་པ་ནི“ཀྲུང་གོས་བཟོས་པ”དང“ཀྲུང་གོས་བཏོད་པར”འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་ལ་དམིགས་ནས་བསམ་གཞིག་གཏིང་ཟབ་དང་སྤྱི་འདོམས་འཆར་འགོད་གནང་ཞིང་། 2014ལོའི་ཟླ་5པར། ལས་རིགས་སློབ་གསོ་འཕེལ་རྒྱས་མྱུར་པོ་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས“བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་དང་རྩལ་ནུས་ཤེས་ལྡན་པ་དུང་ཕྱུར་མང་པོ་གསོ་སྐྱོང་ཧུར་ཐག་བྱེད་དགོས”ཞེས་གསུངས་པ་དང་། 2022ལོའི་ཟླ་10པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་གང་མགྱོགས་བསྐྲུན་ནས་ལག་རྩལ་ཆེ་མོ་བ་དང་། འཐབ་ཇུས་ཚན་རིག་མཁས་ཅན། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ་རྩེ་གྲ གསར་གཏོད་ཚོགས་པ། ན་གཞོན་ཚན་རྩལ་ཤེས་ལྡན་པ། ཕུལ་བྱུང་བཟོ་བཀོད་པ། རྒྱལ་ཁབ་ཆེན་པོའི་བཟོ་བོ། རྩལ་ནུས་ཆེ་བའི་ཤེས་ལྡན་པ་བཅས་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི”ནན་བཤད་བྱས་ཡོད། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པས་དུས་རབས་གསར་པའི་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་འཐབ་ཇུས་ཀྱི་ངེས་གནས་གཏན་འཁེལ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚན་རིག་མཁས་ཅན་རྩེ་གྲ་དགོས་ལ་རྩལ་ནུས་ཤེས་ལྡན་པ་རྩེ་གྲ་ཡང་དགོས་ཀྱི་ཡོད།
2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་འཐབ་ས་དང་པོའི་བཟོ་བོའི་འཐུས་མི་སུན་ཅིང་ནན་གྱིས་གང་ཞིག་ནི“བཟོ་བོ”ཡིན་པའི་སྐོར་གྱི་བསམ་གཞིག་མཉམ་སྤྱོད་བྱས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅིས“རྒྱལ་ཁབ་ཆེན་པོའི་བཟོ་བོ་ནི་རང་རེའི་ཀྲུང་ཧྭ་མི་རིགས་ཀྱི་ཐོག་བརྩེགས་ཁང་ཆེན་གྱི་རྨང་རྡོ་དང་ཀ་གདུང་ལྟ་བུ་རེད”ཅེས་བསྔགས་བརྗོད་གནང་བ་དང་། ཁོང་གིས“འགྲིམ་འགྲུལ་ལས་རིགས་འདི་ཉིད་གོམ་སྟབས་རེ་རེ་བཞིན་མདུན་ཕྱོགས་སུ་བསྐྱོད་དེ་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་པ་དེའི་ནང་གལ་འགངས་ཆེ་ཤོས་ནི་བཟོ་བོ་ཡིན། དཔེ་རིས་ཇུས་འགོད་ཡག་པོ་བྱེད་པ་ཙམ་གྱིས་འགྲིག་ཐབས་མེད་པར་གཙོ་བོ་ཨར་པོ་རྒྱག་མཁན་ལ་རག་ལུས་ཡོད།‘ཕོ་རང་གིས་མ་འཇོན་ན་མཚོན་རྣོ་པོ་མི་ཡི་ལག་ཆ་རེད’” ཅེས་གསུངས་པ་རེད།
“རྩལ་ནུས་མཐོ་བའི་ཤེས་ལྡན་པ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་ཆེད་ཤེས་ལྡན་པའི་འགན་ལེན་ནུས་ལྡན་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོས་གསུངས།
ད་ཆ་རྩལ་ནུས་ཤེས་ལྡན་པ་འདི་ཉིད་ཉིན་རེ་བཞིན་ཀྲུང་གོས་བཟོས་པ་དང་ཀྲུང་གོས་བཏོད་པའི་ཐུན་མོང་མ་ཡིན་པའི་ལེགས་ཆར་གྱུར་ཡོད། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཤར་གཏོང་ཐུབ་པ་དང་། ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་པ། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲས་C919འཕུར་བ་བཅས་རྒྱལ་ཁབ་ཆེན་པོའི་མཆོག་ནོར་དང་། རིམ་འདས་ལས་གྲྭ ཚན་རྩལ་གྲུབ་འབྲས་བཅས་རབ་དང་རིམ་པའི་ཁྲོད་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་པའི་སེམས་ནུས་དང་རྔུལ་ཆུ་འདུས་ཡོད།
བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་ཡོད།
རླབས་ཆེན་བྱ་གཞག་གིས་རླབས་ཆེན་གྱི་སྙིང་སྟོབས་འབོད་སྐུལ་བྱེད། ད་ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཚོས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དཀའ་སྤྱད་དངོས་སྒྲུབ་དང་ལས་བཀུར་ལེགས་སྐྱེས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཙོ་ཤུགས་དམག་གི་ནུས་པ་འདོན་པ་དང་བདག་པོའི་ཉམས་འགྱུར་མངོན་རྒྱུའི་ཐུགས་རེ་གནང་བ་རེད།
“བློ་རྩེ་གཅིག་སྒྲིམ་དང་། ཡག་ཐོག་ཡག་བརྩེགས། སླ་བཅོས་སྤུ་ཙམ་མི་བྱེད་པ། ཕུལ་བྱུང་དོན་གཉེར”བཅས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་བོའི་སྙིང་སྟོབས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་ལ་གསལ་འགྲེལ་གནད་འཁེལ་གནང་བ་ཞིག་རེད།
“ཁྱེད་ནི་ས་གཞི་འདིས་གསོ་སྐྱོང་བྱས་པའི་རྒྱུན་འཛིན་པ་དང་བཟོ་བོའི་སྙིང་སྟོབས་ཀྱི་མཚོན་ཚུལ་ཞིག་རེད” 2023ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང“ལོ་ངོ་སྟོང་གི་དཀར་ཆས་གྲོང་རྡལ”ཅིང་ཏེ་ཀྲེན་དུ་ཕེབས་ནས་དཀར་ཆས་བཟོ་མཁན་རྒན་གྲས་ཤིག་དང་གླེང་མོལ་གནང་ཞིང་། “ཚེ་གང་རིང་ལས་ཀ་གཅིག་ལ་གཞོལ་བ་དང་མི་རབས་ནས་མི་རབས་བར་ལས་ཀ་གཅིག་བྱེད་པ་ནི་ལས་སླ་པོ་ཞིག་མ་ཡིན། རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་ལས་ཨ་གསར་བྱེད་མི་རུང”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་མྱོང་ཚོར་ཟབ་མོའི་ངང་གསུངས།
“ང་ཚོས་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་ལས་དོན་ཡག་པོ་བསྒྲུབས་ཡོད་མོད། འོན་ཀྱང་དེ་ཙམ་གྱིས་མི་འདང་བར་ཁོང་ཚོར་དེ་མཚུངས་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་། སྤྱི་ཚོགས་ཀྱི་གནས་བབ། གླ་ཕོགས་ཐོབ་ཐང་བཅས་སྤྲད་ནས་དེ་མཚུངས་ཀྱི་ལྕག་སྐུལ་ལམ་སྲོལ་འཛུགས་དགོས”
ཀྲུང་ཧྭའི་རྩལ་ནུས་བྱ་དགའ་ཆེན་པོ་སོགས་ཀྱི་གཟེངས་བསྟོད་བྱེད་སྒོ་སྤེལ་བ་ནས། “རིམ་བརྒྱད་གསར་པའི་བཟོ་པའི”ལས་རིགས་རྩལ་ནུས་རིམ་པའི་ལམ་ལུགས་གསར་པ་ཁྱབ་གདལ་བཏང་བའི་བར། བྱེད་ཐབས་ཁག་གིས་རྩལ་ནུས་ལ་བརྩི་མཐོང་དང་རྩལ་ནུས་ལ་བརྩི་འཇོག་བྱེད་པའི་སྟོན་ཕྱོགས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་རྩལ་ནུས་ཤེས་ལྡན་པའི་གྲུབ་འབྲས་ཐོབ་སྣང་ཆེ་རུ་ཏན་ཏིག་བཏང་ཡོད།
ཤེས་ཡོན་རྣམ་པ་དང་། རྩལ་ནུས་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ངལ་རྩོལ་པའི་དཔུང་ཁག་ཆེན་པོ་ཞིག་འཛུགས་སྐྱོང་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཐོན་སྐྱེད་ནུས་ཤུགས་གསར་མ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་བཏང་བ་དེས་ངལ་རྩོལ་པའི་རྩལ་ནུས་ཆུ་ཚད་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་དང་བསྟུན་ཏེ་ངལ་རྩོལ་པའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས”ཞེས་བསྟན་གནང་བ་རེད།
འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ལས་རིགས་སློབ་གསོའི་མ་ལག་བསྐྲུན་པ་དང་ཚེ་གང་རིང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་ལ་སོགས། མིག་སྔར་རང་རྒྱལ་གྱི་རྩལ་ནུས་ངལ་རྩོལ་པ་དུང་ཕྱུར་2.2ལྷག་ཙམ་ནང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་ཁྲི་7200ལྷག་ཙམ་ཡོད།
2013ལོའི་ཟླ་5པར། དགུ་བཅུའི་ནང་སྐྱེས་གློག་ཚལ་རྒྱག་མཁན་ལག་རྩལ་ཆེ་མོ་བ་ཕེ་ཤན་ཧྥུང་དང་སྤེལ་རེས་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས“ཁྱེད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་གྲུབ་འབྲས་ཐོབ་པའི་ལང་ཚོའི་བྱ་གཞག་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་མི་དམངས་ཀྱི་བྱ་གཞག་དང་ཚད་མཐོའི་མཐུན་ནས། བྱ་གཞག་གི་མདུན་ལྗོངས་དེ་བས་རྒྱ་ཆེ་བ་དང་ནུས་ཚད་དེ་བས་ཆེ་བ་ཡོང་ངེས་རེད”ཅེས་ལྕག་སྐུལ་གནང་བ་རེད།
2019ལོར་སྤྱི་ཁྱབ་ཧྲུའུ་ཅིས་རང་རྒྱལ་གྱི་རྩལ་ནུས་བདམས་ཐོན་པར་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་45པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ་པར་མཛུབ་སྟོན་གལ་ཆེན་གནང་སྐབས“རྒྱ་ཆེའི་གཞོན་ནུ་ཚོས་རྩལ་ནུས་ལ་བརྟེན་ནས་ཤེས་ལྡན་པར་འགྱུར་བ་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ལྕག་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
བྱས་རྗེས་འཇོན་ཐང་ལས་བྱུང་། བྱ་གཞག་འཇོན་ཐང་ལས་འཕེལ། “ལས་རིགས་ཁག་ལ་ཚན་རྩལ་ཤེས་ལྡན་པ་འབོར་ཆེན་དགོས་ལ་རྩལ་ནུས་རྣམ་པའི་ཤེས་ལྡན་པ་འབོར་ཆེན་ཡང་དགོས་པས་ཚང་མས་རང་ཉིད་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་དགོས”རྒྱང་ལམ་གསར་པར་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་དེ་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་པ་ཡང་རྩེར་འཛེག་ཕོད་པའི་སྒུལ་ཤུགས་ཆེན་པོར་གྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།