ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཟླ་11ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གནད་དོན་གྱི་འགག་རྩ་རེད། མིག་སྔའི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཛ་དྲག་དུས་བབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ལ་དོ་ཁུར་བྱེད་པར་བསྒྱུར་མི་རུང་། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ནི“རྒྱལ་ཁབ་གཉིས་པོའི་ཇུས་གཞིའི”ཡང་དག་པའི་ཁ་ཕྱོགས་གཏན་འཁེལ་བྱས་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་སླར་ཡང་ཞི་བའི་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཐུག་ཡོད། “ཕ་ལེ་སི་ཐན་བས་ཕ་ལེ་སི་ཐན་སྐྱོང་བའི”རྩ་དོན་རྒྱུན་འཁྱོངས་བྱས་ནས་ཅོར་ཏན་གཙང་པོའི་ནུབ་ངོགས་བཅོས་སྐྱོང་དང་ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕ་ལེ་སི་ཐན་ལ་དམིགས་པའི་ས་བཟུང་བཙན་གནོད་ཀྱི་བྱེད་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་ཁས་ལེན་དེ་ཉིད་བྱ་སྤྱོད་དུ་འགྱུར་བར་བྱས་ནས། ཅ་ཧྲ་ཡུན་རིང་དམག་མཚམས་འཇོག་རྒྱུར་སྐུལ་འདེད་བཏང་སྟེ་མི་སེར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བདེན་པ་ཡོད་མེད་ཀུན་གྱིས་རྟོགས་པ་དང་། དྲང་བདེན་ནི་མེད་དུ་མི་རུང་བ་ཞིག་རེད། ཀྲུང་གོས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བདེར་དགའ་ཞེན་དང་དྲང་བདེན་བརྟན་སྲུང་བྱེད་མཁན་རྒྱལ་ཁབ་ཚང་མ་དང་མཉམ་དུ་རྒྱལ་སྤྱིའི་ཁྲིམས་སྐྱོང་རྨང་གཞིར་བྱེད་པ་དང་། རྩ་ལག་མཉམ་བཅོས་དམིགས་ཚད་དུ་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འཛམ་གླིང་དབུས་ཤར་ས་ཁུལ་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན།
འབྲེལ་ཡོད་གསར་འགྱུར།