དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་རུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-26

    ཤིན་ཧྭ་གསར་འགྱུར་ཁང་ཧ་ནོ་དབྱི་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་། ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཀྲུང་གོ་ཕྱི་ཡིག་ཅུས། ཝེ་ཐེ་ནམ་ཧུའུ་ཀྲི་མིང་རྒྱལ་ཁབ་ཆབ་སྲིད་སློབ་གླིང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱི་རུ་འཚོགས་པ་རེད། ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་30ལྷག་ཙམ་ཚོགས་འདུར་ཞུགས་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་འགན་སྲུང་བྱེད་པའི་འདུ་ཤེས་དང་ལག་ལེན་གྱི་ཉམས་མྱོང་ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

    ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཚན་ཙན་ཁྲང་ཅིའུ་ཆིང་གིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་ནང་གྲུབ་འབྲས་གལ་ཆེན་ཐོབ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ཡོད། ཀྲུང་ཝེ་རྒྱལ་ཁབ་གཉིས་པོས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་རིག་གཞུང་སྤེལ་རེས་བྱེད་པ་དེས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཟབ་ཏུ་གཏོང་བ་དང་། རང་རང་སོ་སོའི་རྒྱལ་བབ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་ཀྲང་ཡུང་ཧོ་ཡིས། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལག་ལེན་ལ་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་ས་ཡོད་པ་དང་ཆབས་ཅིག རང་རང་སོ་སོའི་ལོ་རྒྱུས་ཀྱི་ཆ་རྐྱེན་དང་ལམ་ལུགས་ཀྱི་ཐབས་ལམ་ཡང་ཡོད། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཝེ་ཐེ་ནམ་ཡི་གེའི་དཔར་མ་དཔེ་སྐྲུན་བྱས་པ་དེ་ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་རིག་གཞུང་ལས་རིགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་དབུལ་ཕོངས་ཉུང་གཏོང་དང་ཐུན་མོང་འབྱོར་ཕྱུག་དང་། གཞི་རིམ་དམངས་གཙོ་དང་མི་དམངས་ཞུགས་པ། སྤྱི་ཚོགས་འགན་སྲུང་དང་སྤྱི་པའི་ཞབས་ཞུ། གྲངས་འཛིན་དུས་རབས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་སོགས་ཀྱི་གྲོས་དོན་ལ་དམིགས་ནས་མཉམ་དུ་ཞིབ་འཇུག་དང་རང་སོ་སོའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། དེང་སྐབས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་བསམ་བློ་ལེགས་སྐྱེས་འབུལ་ཆོག་ཅེས་བརྗོད་པ་རེད།

    ཝེ་ཐེ་ནམ་ཧུའུ་ཀྲི་མིང་རྒྱལ་ཁབ་ཆབ་སྲིད་སློབ་གླིང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཞང་ཝེ་ཅན་གྱིས། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུས་ཕན་ཚུན་བརྩི་འཇོག་བྱེད་པའི་དགོངས་དོན་ལ་གཞིགས་ཏེ། ཝེ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་རྩ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་དབར་གྱི་འབྲེལ་བར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱེད་པར་ལས་སྟེགས་བསྐྲུན་པ་དེས་རྒྱལ་ཁབ་གཉིས་པོའི་ཞིབ་འཇུག་སྒྲིག་གཞི་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་མཉམ་ལས་དང་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་ཕྱི་རྒྱལ་ཡི་གེའི་དཔར་མ་13སྔ་རྗེས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པར། འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་དང་། སྲིད་ཕྱོགས་ལས་རིགས། རིག་གཞུང་ལས་རིགས། ཇུས་འདོན་ཚོགས་པ། སྨྱན་སྦྱོར་མི་སྣ་བཅས་མང་པོས་དོ་ཁུར་དང་ཞིབ་འཇུག་བྱེད་པའི་ཡིད་དབང་བཀུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།