རྩིས་ཐོ་གཉིས་ཀྱི་སྡོང་པོ་ལས། ཐོན་ལས་གཉིས་ཀྱི་ལོ་འདབ་རྒྱས།
—— ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་ཐོན་ལས་བོད་སྐྱོར་གྱི་འཐབ་ས་དང་པོར་ལྟ་ཞིབ་བྱས་པའི་སྐོར་བཀོད་པ།

འདི་ནི་ལག་རྩལ་པ་ཞུས་ཧུང(གཡས)གིས་འཁོར་ཁང་ནང་ལས་མིར་འཚེམ་བཟོའི་ལག་རྩལ་སློབ་བཞིན་པ།
ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནི་ས་བབ་སྨི་བཞི་སྟོང་ཙམ་ཟིན་པའི་རྒྱལ་མོ་རྔུལ་ཆུའི་ངོགས་སུ་གནས་པ་དང་། འདི་གར་གྲང་ཟུག་རྒྱས་ཟིན་རུང་། བོད་ལྗོངས་ཁྲང་རུང་ནག་ཤོད་ཚོགས་པ་ཚད་ཡོད་ཀུང་སིའི་གཤམ་འོག་གི་འབྲི་རུ་རྫོང་གངས་བལ་གྱོན་ཆས་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན།
“ལག་པ་བརྟན་པོར་འཇུ་བ་དང་མིག་གིས་ཡག་པོ་ལྟ་དགོས་པ་ལས། རྐང་པས་རྨོངས་ཚོད་ཀྱིས་གནོན་མི་རུང”ཞེས་ལག་རྩལ་པ་ཞུས་ཧུང་གིས་ནན་ཏན་ངང་ལས་མིར་དམར་ཁྲིད་བྱེད་བཞིན་ཡོད། འཚེམ་འཁོར་གྱི་ཚག་སྒྲ་དང་བསྟུན་ནས་སྐུད་པ་ཕྲ་མོ་ཞིག་རས་སྟེང་དུ་ཕར་གཏོང་ཚུར་གཏོང་བྱེད་བཞིན་ཡོད།
འདི་གར་སྔོན་ཆད་གཞི་ཁྱོན་ལྡན་པའི་འཚེམ་བཟོའི་ལས་རིགས་མེད་སྟབས། ཕྲུ་གུའི་སློབ་གོས་དང་མི་སེར་གྱི་རས་ཆ་མང་ཆེ་བ་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཀྱི་ས་ནས་དབོར་དགོས་ཀྱི་ཡོད། ད་ཆ་རིག་ནུས་ཅན་གྱི་གྱོན་ཆས་བཟོ་འཁོར་7གྱིས་ལོར་གྱོན་གོས་ཐོན་སྐྱེད་བྱེད་ཚད་ཁྲི་100ཟིན་ཏེ། ནག་ཆུ་གྲོང་ཁྱེར་གྱི་བཟོ་གཏེར་དང་ཨར་སྐྲུན་རིགས་མིན་པའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་དང་པོར་གྱུར་ཡོད།
གངས་ལྗོངས་ས་མཐོར་བཟོ་གྲྭ་བསྐྲུན་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ས་བབ་མཐོ་ལ་གྲང་ཞིང་གསོ་རླུང་དཀོན་པས་ལོ་གཅིག་ནང་ལས་ཡུན་ཐུབ་པའི་ཉིན་གྲངས་ཧ་ཅང་ཉུང་ཉུང་ཡིན་པ་དང་། དངོས་ཟོག་རི་ཀླུང་བརྒལ་ནས་གཏོང་འདྲེན་བྱེད་དགོས་པས་ལེ་ལག་ཚང་བའི་རྨང་གཞི་སྤྱིར་ན་མེད། རྣམ་གྲངས་སྔ་ཙམ་དོན་འཁྱོལ་བྱ་ཆེད། བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཚོང་འགུགས་བྱས་པའི་ཉིན་དེ་ནས་བཟུང་། རྣམ་གྲངས་རེ་རེ་བཞིན་ལ་མཐུན་སྦྱོར་དང་། དེ་བཞིན་ས་ཆ་དང་། ལས་མི། འཛུགས་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་བཅས་ཀྱི་ལས་དོན་རེ་རེ་བཞིན་ཐག་གཅོད་བྱས་པ་རེད།
གལ་ཏེ་གྱོན་ཆས་ཐོན་ལས་ནི“རི་ཁུལ་དུ་ཐོན་ལས་ནང་འདྲེན་བྱེད་པ”དང་འཕེལ་རྒྱས་ཀྱི་ཞན་ཆ་སེལ་བ་ཞིག་ཡིན་ན། ཉུང་མའི་ཐོན་ལས་ནི“ཐོན་ཁུངས་དངུལ་ལ་གྱུར་པ”དང་ཡུལ་དེ་རང་གི་ལེགས་ཆ་ཁྱབ་སྤེལ་གཏོང་བ་ཞིག་དེ་བས་རེད།
རྒྱལ་མོ་རྔུལ་ཆུའི་ལུང་གཞུང་གི་ཉུང་མ་ནི་བྱང་ཐང་ས་གཞི་ཆེན་པོས་བསྩལ་བའི་ལག་རྟགས་ཤིག་རེད། འོན་ཀྱང་དུས་ཡུན་རིང་པོའི་ནང“ཐོན་ཁུངས་ལེགས་ཀྱང་བྲིན་ཁ་རྒྱུག་པོ་མེད་པའི”ཐོག་མའི་དུས་མཚམས་སུ་གནས་ཡོད། བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཁེ་ལས་དང་མཐོ་སློབ་དབར་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ཟབ་ཏུ་བཏང་ནས་རིན་ཐང་མཐོ་པོས་ལྟེ་བའི་ལག་རྩལ་སྤྱད་དེ་བཏུང་བྱ་དང་། བཅུད་ལྡན་བཟའ་བཅའ། ཏན་ཞིམ། ལ་དུག་འགོག་སྨན་བཅས་རིགས་ཆེན་པོ་བཞིའི་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་སྣ་ཁ་17ཞིབ་འཇུག་གསར་སྤེལ་བྱས་ནས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁག་18རག་ཡོད། “ཉུང་མ་རྡོག་པོ”དེ་ཟུར་སྣོན་རིན་ཐང་ལྡན་པའི་ཁྲོམ་རའི་ཚོང་ཟོག་ཅིག་ཏུ་གྱུར་ཡོད།
“ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”མངགས་ཐོ་དུས་གཅིག་ཏུ་རག་པ་དང་། ཁྲང་རུང་ནག་ཤོད་ཚོགས་པའི་གཤམ་འོག་གི་འབྲི་རུ་རྫོང་བྱང་ཐང་ཉུང་མ་བཟའ་བཅའ་བཟོ་སྐྲུན་ཚད་ཡོད་ཀུང་སིས་ས་གནས་དེ་གའི་ཞིང་འབྲོག་པ་དང་མ་མཐའི་ཉོ་སྒྲུབ་གྲོས་མཐུན་བཞག་ནས་འདེབས་འཛུགས་དང་། ཉོ་སྒྲུབ། ལས་སྣོན་བཅས་སྦྲེལ་མཐུད་བྱས་པས། ཁེ་ལས་ལ་མ་བཅོས་རྒྱུ་ཆ་བརྟན་པོ་དང་མང་ཚོགས་ལ་ཚོང་ཁུངས་བརྟན་པོ་བྱུང་ཡོད་པ་རེད།
ཐོན་ལས་བོད་སྐྱོར་གྱིས་ནུས་པ་འདོན་ཐུབ་མིན་ནི་མང་ཚོགས་ཀྱི་ཡོང་འབབ་མང་ཉུང་ལ་ལྟ་དགོས།
2003ལོར་སྐྱེས་པའི་འབྲུག་གྲགས་ནི་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ནས་ཡིན་པ་དང་། ལོ་གསུམ་གྱི་གོང་བཟོ་གྲྭར་ལས་ཀར་ཡོང་སྐབས་ཁོང་ནི་རྫི་བོ་ཞིག་རེད། ད་ཆ་དབུར་ཏི་རྒྱག་པ་དང་། ཞིབ་བཤེར་བྱེད་པ། ཐུམ་སྒྲིལ་རྒྱག་པ་བཅས་ཀྱི་ལས་ཀ་བྱང་ཆུབ་པས་ཟླ་རེར་གླ་ཆ་སྒོར་4000ལྷག་ཙམ་རག་གི་ཡོད། “ལས་ཀ་འདིར་རང་ཉིད་བློ་ཡིད་ཚིམ་པོ་འདུག ངས་ཐོན་ཚད་དེ་བས་མང་བ་དང་སྤུས་ཚད་དེ་བས་ལེགས་པའི་ཐོན་རྫས་ཧུར་ཐག་བཟོ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཁོང་གིས་བརྗོད།
འབྲུག་གྲགས་དང་ལག་རྩལ་པ་ཞུས་ཧུང་གཉིས་པོ་ཉིན་གཅིག་ལ་བཟོ་གྲྭར་སླེབས་པ་དང་། དགེ་སློབ་གཉིས་སྔ་ས་ནས་གྲོགས་པོ་བློས་ཐུབ་ལ་གྱུར་ཡོད། ལོ་53ལ་སླེབས་པའི་ཞུས་ཧུང་ནི་ཅང་སུའུ་ཞུས་ཀྲོའུ་ནས་ཡིན་པ་དང་། 2023ལོའི་དབྱར་ཁར་ས་མཐོར་ཡོང་ནས་ལག་རྩལ་པ་ཞིག་བྱས། མི་གཞན་གྱིས་ཁོང་ལ་ས་མཐོར་ཡོང་དོན་གང་ཡིན་ནམ་ཞེས་འདྲི་སྐབས། ཁོང་གིས“བོད་ལ་ལེགས་སྐྱེས་ཕྲན་བུ་འབུལ་ཐུབ་ཚེ་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”ཅེས་འཛུམ་དམུལ་དམུལ་ངང་བརྗོད།
“ང་ཚོས་ས་གནས་དེ་གའི་མང་ཚོགས་ལ་དོན་སྙིང་ལྡན་པའི་བྱ་བ་མང་ཙམ་སྒྲུབ་ཐུབ་པའི་རེ་བ་ཡོད”ཅེས་ཁྲང་རུང་ནག་ཤོད་ཚོགས་པའི་འགན་འཁུར་བ་ཡེ་དབན་ཧྭ་ཡིས་བརྗོད། ཁེ་ལས་འཕེལ་རྒྱས་ཀྱི་རྩིས་ཐོའི་ནང་མི་སྣའི་གཏམ་རྒྱུད་བྲིས་ཡོད་པ་སྟེ། རིམ་རྩིས་བརྒྱབ་ན། མང་ཚོགས་108ལས་ཞུགས་ཐུབ་པ་དང་མི་ཐེངས་1600ལ་རྩལ་ནུས་གསོ་སྦྱོང་བྱས་པས། ཞིང་འབྲོག་པ་500ལྷག་ཙམ་རྫི་བོ་ནས“ཐོན་ལས་བཟོ་པར”གྱུར་ཏེ་ཁྱིམ་གྱི་སྒོ་རྩར“རྩལ་ནུས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད་པ”དེ་རེད།
“གཞན་བརྟེན་རྣམ་པའི་རོགས་སྐྱོར”ནས“རང་བརྟེན་རྣམ་པའི་འཕེལ་རྒྱས”བར། ཐོན་ལས་བོད་སྐྱོར་ནི་རྒྱུན་མཐུད་འཕེལ་རྒྱས་གཏོང་སྟངས་ཤིག་རེད། ད་ཆ་རྒྱལ་ནང་གི“ཁྲེང་ཏུའི་མཛོད་ཁང”དང་། ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་དབུས་མའི“ཕྱི་རྒྱལ་གྱི་མཛོད་ཁང”རིམ་བཞིན་བཀོད་སྒྲིག་དང་། དྲ་ཐོག་ཐད་གཏོང་དང་དྲ་ཕྱིའི་ཚོང་ཁང་མཉམ་དུ་བཙུགས་པས། བོད་ཀྱི་ཐོན་རྫས་སྤུས་ལེགས་མང་པོ་རི་ཀླུང་བརྒལ་ནས་ས་ཐག་དེ་བས་རིང་བའི་སར་གཏོང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།