རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་གྱིས་མཚོ་སྔོན་གྱི་ཐོན་སྐྱེད་ནུས་ཤུགས་གསར་མར་མཐུན་རྐྱེན་སྦྱར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཁྲལ་བསྡུའི་གཞི་གྲངས་གསར་ཤོས་ལས་མངོན་པར། ཟླ་དང་པོ་ནས་བཅུ་པའི་བར། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་རྩིས་ནུས་ཞབས་ཞུའི་ནུས་རིམ་ཆེ་རུ་རྒྱུན་མཐུད་ཕྱིན་ཏེ་ཞིང་ཆེན་དེའི་དཔལ་འབྱོར་འཕེལ་རྒྱས་གསར་པར་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ནས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་རྣམ་པ་མངོན་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། ཞིང་ཆེན་དེའི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་སྟོད་སྨད་བར་གསུམ་གྱི་འབྲེལ་ཡོད་ལས་རིགས་ལ་རིམ་རྩིས་བརྒྱབ་ན་འཛིན་ཡིག་བྲིས་ནས་བཙོངས་པའི་ཡོང་འབབ་དུས་མཚུངས་ལས་13.3%འཕར་ཡོད། དེ་ཡང་ཐོན་ལས་འཁོར་འབྲེལ་སྟོད་རྒྱུད་ཀྱི་འོད་ཁྲིད་ཚི་སྐུད་བཟོ་སྐྲུན་ལས་རིགས་ཀྱི་འཛིན་ཡིག་བྲིས་ནས་བཙོངས་པའི་ཡོང་འབབ་དུས་མཚུངས་ལས་ལྡབ་4.9འཕར་ཡོད་པ་དང་། དབུས་རྒྱུད་ཀྱི་དྲ་སྦྲེལ་མཐུད་འཇུག་དང་དེ་བཞིན་འབྲེལ་ཡོད་ཞབས་ཞུ་དང་། དྲ་སྦྲེལ་བདེ་འཇགས། མཉེན་ཆས་གསར་སྤེལ་ལས་རིགས་བཅས་ཀྱི་འཛིན་ཡིག་བྲིས་ནས་བཙོངས་པའི་ཡོང་འབབ་ལྡབ་1.2དང་། ལྡབ་1 15.4%བཅས་སོ་སོར་འཕར་ཡོད། སྨད་རྒྱུད་དྲ་སྦྲེལ་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཛིན་ཡིག་བྲིས་ནས་བཙོངས་པའི་ཡོང་འབབ་དུས་མཚུངས་ལས་14.4%དང་9.3%སོ་སོར་འཕར་ཡོད་ཅིང་། ཐོན་ལས་ཀྱི་སྟོད་སྨད་བར་གསུམ་གྱིས་མཉམ་དུ་ཤུགས་བརྒྱབ་པས་འཁོར་འབྲེལ་ཧྲིལ་པོའི་འཕེལ་ཁ་བཟང་པོ་ཡོད་པ་རེད།
རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་བྱེད་པའི་ལེགས་ཆ་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་གྲུབ་བཞིན་ཡོད་པ་རེད། རྩིས་ནུས་ཐོན་ལས་རྒྱ་ཆེར་མགྱོགས་མྱུར་ཕྱིན་ཏེ་གློག་ཤུགས་དགོས་མཁོ་བརྟན་པོ་འཕར་རྒྱུར་སྐུལ་ཁྲིད་བྱས་ཤིང་། ཟླ་དང་པོ་ནས་བཅུ་པའི་བར། རྩིས་ནུས་ཀྱི་འབྲེལ་ཡོད་ཐོན་ལས་ཀྱིས་གློག་ཉོ་བའི་དངུལ་འབོར་དུས་མཚུངས་ལས་9.6%འཕར་ནས་གློག་ཤུགས་འདྲེན་སྤྱོད་དང་རྩིས་ནུས་ཐཱན་ཉུང་གིས་འཁོར་སྐྱོད་བྱེད་པའི་གཉིས་ཕན་གྱི་རྣམ་པ་མགྱོགས་མྱུར་ཆགས་བཞིན་ཡོད་པ་རེད།
རྩིས་ནུས་ཀྱིས་དངོས་ཚན་དཔལ་འབྱོར་ལ་མཐུན་རྐྱེན་སྦྱོར་བའི་ནུས་པ་ཆེ་རུ་རྒྱུན་མཐུད་ཕྱིན་ནས་སྲོལ་རྒྱུན་གྱི་ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་ཅིང་། ཟླ་དང་པོ་ནས་བཅུ་པའི་བར། ཞིང་ཆེན་དེའི་བཟོ་སྐྲུན་ལས་རིགས་ཀྱིས་རྩིས་ནུས་ཀྱི་ཞབས་ཞུ་ཉོ་བའི་དངུལ་འབོར་དུས་མཚུངས་ལས་5.6%འཕར་ནས་བཟོ་སྐྲུན་ལས་རིགས་ཀྱིས་དངོས་ཟོག་དང་ངལ་ནུས་ཉོ་བའི་དངུལ་འབོར་འཕར་ཚད་ལས་བརྒྱ་ཆའི་གྲངས་3.9ཡིས་མཐོ་བ་ཡོད་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱིས་ཐོན་སྐྱེད་ཀྱི་གཙོ་རྒྱུ་གསར་པ་ཡིན་པའི་རྩིས་ནུས་དེར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བས། རྩིས་ནུས་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་སྒྱུར་ལ་མཐུན་རྐྱེན་སྦྱོར་བའི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད།
ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་ནི་མཚོ་སྔོན་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་གཞི་གྲངས་ཆེན་པོར་བརྟེན་ནས་གློག་ཤུགས་དང་རྩིས་ནུས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་རྗེས་སྙེག་གིས་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་བཏོན་ནས་རྩིས་ནུས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། གསབ་སྣོན། སྟོབས་ཆེར་གཏོང་བ་བཅས་ལ་རམ་འདེགས་བྱ་རྒྱུ་མ་ཟད། རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་བྱེད་པའི་ལེགས་ཆ་ཆེ་རུ་རྒྱུན་མཐུད་བཏང་སྟེ་གྲངས་གཞིའི་སྒུལ་ནུས་གསར་པར་བརྟེན་ནས་ཞིང་ཆེན་དེའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།