ཀྲུང་གོའི་དཔེ་དེབ་ཁུ་ཝེ་ཐེའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་49པར་འགྲེམས་སྟོན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁུ་ཝེ་ཐེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁུ་ཝེ་ཐེའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་49པ་ཁུ་ཝེ་ཐེའི་སྨི་ཧྲེན་ལི་ཕུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། ཀྲུང་གོའི་འགྲེམས་ཁུལ་དུ་དཔེ་དེབ་སྣ་ཁ་500ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་ཀྲུང་གོ་དང་ཁུ་ཝེ་ཐེའི་རྩོམ་རིག་བརྩམས་ཆོས་ཕན་ཚུན་ཡིག་སྒྱུར་དང་དཔེ་སྐྲུན་བྱས་པའི་གྲུབ་འབྲས་གཙོ་བོར་བསྟན་ཡོད།
སྐབས་འདིའི་དཔེ་དེབ་འགྲེམས་སྟོན་གྱིས“ང་ཚོས་དཔེ་དེབ་བཀླགས་ནས་ཡར་རྒྱས་ཡོང་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཁ་ཐར་གྱིས་གཙོ་མགྲོན་རྒྱལ་ཁབ་ཀྱི་འགན་ཁུར་ཡོད་པ་རེད། རྒྱལ་ཁབ་དང་ས་ཁུལ་34ཡི་སྒྲིག་གཞི་592འགྲེམས་སྟོན་ལ་ཞུགས་པ་དང་དཔེ་དེབ་སྣ་ཁ་ཁྲི་25ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།
ཀྲུང་གོའི་འགྲེམས་ཁུལ་ནི་ཁུ་ཝེ་ཐེའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་གླིང་ཆེན་ལྔའི་བརྒྱུད་སྤེལ་དཔེ་སྐྲུན་ཁང་གིས་མཉམ་དུ་བཙུགས་པ་ཞིག་ཡིན་པ་དང་། དཔེ་དེབ་ཁྱོན་800ལྷག་ཙམ་འགྲེམས་སྟོན་བྱས་པར་ཕྱི་ཡིག་པར་གཞིས་བཅུ་ཆ་བརྒྱད་ཙམ་བཟུང་བ་དང་ཨ་རབ་ཡི་གེའི་པར་གཞི་དང་དབྱིན་ཡིག་གི་པར་གཞི་གཙོ་བོ་ཡིན་པ་རེད། འགྲེམས་སྟོན་བྱས་པའི་དཔེ་དེབ་ནང་ཀྲུང་གོའི་ཆབ་སྲིད་དང་། རྩོམ་རིག ལོ་རྒྱུས་རིག་གནས། མི་ཆོས་རིག་གནས་དང་སྤྱི་ཚོགས་ཚན་རིག དེ་བཞིན་རྒྱ་ཡིག་སློབ་སྦྱོང་སོགས་ཀྱི་དཔེ་དེབ་ཡོད་པ་རེད། གཞན་ཡང་འགྲེམས་ཁུལ་དུ“ཀྲུང་གོ་དང་ཁུ་ཝེ་ཐེའི་བརྩམས་ཆོས་གྲགས་ཅན་དང་དེང་རབས་རྩོམ་རིག་བརྩམས་ཆོས་ཕན་ཚུན་ཡིག་སྒྱུར་དཔེ་སྐྲུན་རྣམ་གྲངས”ཀྱིས་བཏོན་པའི་དཔེ་དེབ་གཅིག་སྡུད་འགྲེམས་སྟོན་བྱས་པ་དང་འབྲེལ་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་ཡང་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།