དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རེ་ཁ་ཅ་ཝི་ཁ—པེ་ཅིང”བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་འཚོགས་པ།

    ——“རེ་ཀྲུང་མཛའ་གྲོགས་ཀྱི་འབྲེལ་བ་ཉིན་རེ་བཞིན་བརྟན་དུ་ཕྱིན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲང་ཁའེ་ཡོན།   |     སྤེལ་དུས།  2026-11-25

    འཁྱགས་གླིང་གི་རྒྱལ་ས་རེ་ཁ་ཅ་ཝི་ཁའི་གྲུ་ཁའི་འགྲམ་དུ་གནས་རྟགས་རང་བཞིན་གྱི་སྐྲུན་དངོས་ཧར་ཕ་རོལ་དབྱངས་ཚོམས་ཆེན་གྱི་ཤེལ་སྒོའི་གྱང་ལས“ཀྲུང་གོའི་དམར་མདངས”རབ་ཏུ་འཚེར། ཉེ་ཆར། ཀྲུང་གོ་དང་འཁྱགས་གླིང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲས་ཤིག་ཡིན་པའི“རེ་ཁ་ཅ་ཝི་ཁ-པེ་ཅིང”བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་དེ་གར་འཚོགས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་ཆེད་དོན་བརྙན་ལམ《རི་ཆུ་བརྒལ། མཉམ་དུ་སྐྱོད》ཅེས་པ་བསྟན་པ་རེད། འཁྱགས་གླིང་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོ་རུའུ་ལུང་གིས་འཁྱགས་གླིང་ནི་ཡོ་རོབ་ནུབ་མར་ཀྲུང་གོའི་ཁྲོམ་རའི་དཔལ་འབྱོར་གྱི་གནས་བབ་ཁས་ལེན་མཁན་གྱི་རྒྱལ་ཁབ་དང་པོ་རེད་ལ། ཀྲུང་གོ་དང་རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་འགོད་མཁན་ཡོ་རོབ་ཀྱི་རྒྱལ་ཁབ་དང་པོ་དེའང་རེད། ད་ཆ། ཀྲུང་གོ་འདི་ཉིད་འཁྱགས་གླིང་གི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པར་གྱུར་ཡོད། ཀྲུང་གོ་དང་འཁྱགས་གླིང་གི་འབྲེལ་བས་སྤྱི་ཚོགས་ཀྱི་ལམ་ལུགས་དང་། རྒྱལ་ཁབ་ས་ཆའི་གཞི་ཁྱོན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད། ལོ་རྒྱུས་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ལ་མིག་དཔེ་བསྟན་ཡོད་ཅེས་བརྗོད།

    ད་ལོའི་སྟོན་དུས་སུ་དེ་སྔ་འཁྱགས་གླིང་གི་གྲོས་མིའི་འགན་འཁུར་མྱོང་མཁན་མཱ་ཀེ་ནུའུ་སུང་ཀྲུང་གོར་རྒྱལ་སྤྱིའི་གྲོས་མིའི་མཛའ་གྲོགས་སྤེལ་རེས་ཀྱི་གླེང་སྟེགས་ནང་ཞུགས་ཡོད། “ཀྲུང་གོ་ནི་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པའི་མིག་དཔེར་གྱུར་ཡོད”འཁྱགས་གླིང་དུ་ལོག་རྗེས། ཁོང་གིས་སྨྱན་སྦྱོར་བརྒྱུད་ཀྲུང་གོར་ཡོང་བའི་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་བྱས་པ་མ་ཟད། ཕྱིས་སུ་ནང་མི་ཁྲིད་ནས་ལོ་ལྟར་ཀྲུང་གོར་ཡོང་བའི་ཐག་ཀྱང་བཅད་པ་རེད། ཁོང་གིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་མཚམས་སུ་འཁྱགས་གླིང་བ་དེ་བས་མང་བས་ཀྲུང་གོ་བསྐྱར་དུ་རྒྱུས་ལོན་བྱེད་བཞིན་ཡོད་པ་དང་། “འཁྱགས་གླིང་གི་འབྱུང་འགྱུར་འཕེལ་རྒྱས་གཏོང་བར་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ཁྲོད་ནས་ཤེས་བྱ་ལེན་དགོས་པའི”ངོས་འཛིན་བྱས།

    འཁྱགས་གླིང་དང་ཀྲུང་གོའི་རིག་གནས་སྤེལ་རེས་མཐུན་ཚོགས་ནི་འཁྱགས་གླིང་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་མཛའ་གྲོགས་རྩ་འཛུགས་ཤིག་ཡིན་ཞིང་། དེ་ནི་1952ལོར་འཁྱགས་གླིང་གི་འཐུས་མི་ཚོགས་པ་དང་པོས་ཀྲུང་གོར་འཚམས་འདྲིར་ཡོང་རྗེས་བཙུགས་པ་ཞིག་རེད། མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅི་སི་ལ་སུང་གིས་འཁྱགས་གླིང་གི་དམངས་ཚོགས་ལ་ཀྲུང་གོ་ངོ་སྤྲོད་ཧུར་ཐག་བྱས་པ་མ་ཟད། སྨྱན་སྦྱོར་ཐོག་ནས་ཀྲུང་གོའི་ན་གཞོན་གྱི་དྲ་གྲོགས་དབར་སྤེལ་རེས་ཀྱང་བྱས་ཡོད། ཅི་སི་ལ་སུང་གིས“ཀྲུང་གོར་སྲོལ་རྒྱུན་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རིག་གནས་གསར་པའང་ཡོད། འཁྱགས་གླིང་བ་མང་པོ་ཞིག་གིས་ཀྲུང་གོའི་ལོ་རྒྱུས་རིག་གནས་ལ་དགའ་ཞེན་བྱེད་བཞིན་ཀྲུང་གོར་ཡོང་བ་དང་། ཉམས་ལེན་ཡག་པོ་བྱུང་རྗེས་སོ་སོའི་རྒྱལ་ཁབ་ཏུ་ལོག་འགྲོ་གི་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཐད་ཀར་སྤེལ་རེས་བྱས་པ་ལས་ཕན་ཚུན་དབར་སྤྲོ་སྣང་དེ་བས་མང་བ་སྦྱིན་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    འཁྱགས་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་མང་བས་རྒྱུས་མངའ་དེ་ཙམ་མེད་པའི་སྒེར་འཁོར་གཏོང་མཁན་ཡུལ་སྐོར་བར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། རོལ་དབྱངས་འདུ་ཚོགས་ཐོག འཁྱགས་གླིང་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འཁྲབ་སྟོན་གྱི་སྒོ་འཛིན་ཡོང་འབབ་ཚང་མ་འཁྱགས་གླིང་གི་རོགས་སྐྱོབ་མཐུན་ཚོགས་ལ་འབུལ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དེ་གོང་། མཐུན་ཚོགས་དེས་གཞུང་ཚབ་ཆེ་མོ་ཁང་དང་མཉམ་ལས་བྱས་ནས་ཀྲུང་གོའི་ཡུལ་སྐོར་བར་ཕྱོགས་ཏེ་ཡུལ་སྐོར་དུ་མ་བསྐྱོད་གོང་གི་བདེ་འཇགས་དྲིལ་བསྒྲགས་ཡག་པོ་བྱས་ཡོད། མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁེ་ལི་སི་ཏི་ཨན་སི་ཏུའོ་ཏིར་གྱིས“ང་ཚོས་ཀྲུང་གོའི་ཡུལ་སྐོར་བ་འཁྱགས་གླིང་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་མ་ཟད། རོགས་རམ་ཡང་དུས་ཐོག་བྱ་རྒྱུ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།